ཐུར་ཁེས་སི་རི་ཡཱའི་ངོ་རྒོལ་ཕྱོགས་ཁག་གིས་དམག་དོན་མིན་པའི་ས་ཁུལ་ནས་མཚོན་ཆ་ཆེ་གྲས་ཕྱིར་འཐེན་བྱས་ཡོད་པའི་ཚུལ་བསྟན།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཐུར་ཁེའི་རྒྱལ་སྲུང་པུའུ་ཡིས་ཚེས་བཅུ་ཉིན་གསལ་སྒྲོག་སྤེལ་ཏེ། ཐུར་ཁེ་དང་ཨུ་རུ་སི་རྒྱལ་ཁབ་གཉིས་ཀྱིས་བཀོད་པའི་གྲོས་མཐུན་ལྟར་ན། སི་རི་ཡཱའི་ངོ་རྒོལ་ཕྱོགས་ཁག་གི་དྲག་ཆས་མི་སྣས་སི་རི་ཡཱའི་དབྱེ་ཏི་ལེ་པུའུ་ཞིང་ཆེན་གྱི་དམག་དོན་མིན་པའི་ས་ཁུལ་ནས་མཚོན་ཆ་ཆེ་གྲས་ཕྱིར་འཐེན་བྱེད་པའི་ལས་འགན་ཡོངས་འགྲུབ་བྱས་ཡོད་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། ཨུ་རུ་སིའི་ཕྱོགས་བར་སོ་ཆི་ནས་བཀོད་པའི་གྲོས་མཐུན་གྱི་ཁག་ཐེག་རྒྱལ་ཁབ་ཅིག་ཡིན་པའི་ཆ་ནས། ཐུར་ཁེ་ཕྱོགས་ཀྱིས་དགོས་ངེས་ཀྱི་འགན་འཁྲི་ཡོངས་འགྲུབ་བྱས་ཡོད། ཐུར་ཁེ་ཡིས་གྲོས་མཐུན་ལྟར་དུ་འགོར་འགྱངས་ཅི་ཡང་མ་བྱས་པར་དབྱེ་ཏི་ལེ་པུའུ་ཞིང་ཆེན་དུ་ཡུན་རིང་ཞི་བདེ་དང་གཏན་འཇགས་ལ་སྲུང་སྐྱོབ་བྱེད་པའི་འགུལ་སྐྱོད་སྤེལ་རྒྱུ་ཡིན་ཟེར། 

སི་རི་ཡཱའི་ངོ་རྒོལ་ཕྱོགས་ཁག་རྩ་འཛུགས་ཀྱིས་དེའི་སྔོན་ཐུར་ཁེའི་ཨ་ནཱ་ཏའོ་ལུའུ་འཕྲིན་གཏོང་ཁང་ལ་བདེན་དཔང་བྱས་དོན། ཟླ་འདིའི་ཚེས་བདུན་ཉིན་གྱི་དགོང་མོའི་བར། ཀི་ལེ་ཏི་རྟགས་ཅན་གྱི་མེ་ཤུགས་འཕུར་མདའི་གཏོང་འཕེན་འཕྲུལ་ཆས་དང་སྒྱོགས་མདེལ། འབྲིང་འཕེན་འཕུར་མདའ་སོགས་མཚོན་ཆ་ཆེ་གྲས་ཕྱིར་འཐེན་བྱེད་པའི་བྱ་བ་ཡོངས་འགྲུབ་བྱས་ཡོད་ཟེར། 

དེའི་ཞོར་དུ་ཐུར་ཁེའི་དམག་དཔུང་གིས་དམག་དོན་མ་ཡིན་པའི་ས་ཁུལ་དུ་མཚོན་ཆ་དང་འཁྲབ་ལྡན་རླངས་འཁོར་སྐྱེལ་མགོ་བརྩམས་པ་དང་། མི་འགྱངས་པར་མགོ་རྩོམ་རྒྱུ་ཡིན་པའི་ཐུར་ཁེ་དང་ཨུ་རུ་སི་རྒྱལ་ཁབ་གཉིས་ཀྱི་དམག་དཔུང་གི་མཉམ་འབྲེལ་སྐོར་གཡེང་ལ་གྲ་སྒྲིག་བྱེད་བཞིན་ཡོད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།