ཀྲུང་གོ་བོད་ཀྱི་དྲ་བ།

ཨ་ཧྥུའུ་ཧན་གྱི་འདུ་ཚོགས་ཡུལ་དངོས་ནས་རང་སྲོག་གཅོད་པའི་འགས་གཏོར་འཇབ་རྒོལ་དོན་རྐྱེན་བྱུང་སྟེ་མི་བརྒྱད་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-10-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་ཧྥུའུ་ཧན་ལྷོ་ཕྱོགས་ཀྱི་ཧི་ཨར་མན་ཏི་ཞིང་ཆེན་གྱི་དཔོན་རིགས་ཀྱིས་ཚེས་དགུའི་ཉིན་བདེན་དཔང་བྱས་དོན། ཞིང་ཆེན་དེའི་ལྟེ་གནས་གྲོང་ཁྱེར་ལཱ་ཧྲི་ཁཱ་ཨར་ཅཱ་གྲོང་ཁྱེར་གྱི་འདུ་ཚོགས་ཡུལ་དངོས་ཤིག་ནས་ཉིན་དེར་རང་སྲོག་གཅོད་པའི་འགས་གཏོར་འཇབ་རྒོལ་དོན་རྐྱེན་བྱུང་སྟེ། ཉུང་མཐར་ཡང་མི་བརྒྱད་རྐྱེན་ལམ་དུ་ཤོར་བ་དང་མི་བཅུ་ལ་རྨས་ཕོག་ཟེར། 

ཧི་ཨར་མན་ཏི་ཞིང་ཆེན་སྲིད་གཞུང་གི་མགྲིན་ཚབ་པ་ཙི་ཝ་ཁི་ཡིས་བཤད་རྒྱུར། འཇབ་རྒོལ་དོན་རྐྱེན་དེ་ཚེས་དགུ་ཉིན་གྱི་ཕྱི་དྲོར་རྒྱལ་དམངས་གྲོས་ཁང་གི་གྲོས་མིའི་འདེམ་སྒུག་མི་སྣའི་གཞུང་སྒྲུབ་ཁང་གི་ཕྱི་རོལ་ནས་བྱུང་བ་དང་། སྐབས་ཐོག་དེར་མི་མང་བོ་མཉམ་དུ་འདུས་ནས་རྒྱལ་དམངས་གྲོས་ཁང་གི་འདེམ་བསྐོ་དང་འབྲེལ་བའི་འདུ་ཚོགས་བྱ་འགུལ་ལ་ཞུགས་བཞིན་ཡོད་པ་རེད་ཟེར། 

ཙི་ཝ་ཁི་ཡིས་བསྟན་དོན། རྨས་མ་དག་ཉེ་འདབས་སྨན་ཁང་དུ་བསྐྱལ་ནས་གསོ་བཅོས་བྱེད་བཞིན་ཡོད་པ་དང་། རྨས་མ་རེ་འགའི་རྨས་སྐྱོན་ཚབས་ཆེན་ཡིན་པས། འདས་པོའི་མི་གྲངས་སྔར་ལས་ཇེ་མང་དུ་འགྲོ་སྲིད་ཟེར། 

བསྒྲགས་པ་ལྟར་ན། འདས་པོའི་ཁྲོད་རྒྱལ་དམངས་གྲོས་ཁང་གི་གྲོས་མིའི་འདེམ་སྒུག་མི་སྣ་གཅིག་ཡོད་ཟེར། 

མིག་སྔར་རྩ་འཛུགས་གང་རུང་གིས་ཐེངས་འདིའི་འཇབ་རྒོལ་དོན་རྐྱེན་བཟོས་པ་ཁས་ལེན་བྱས་མེད་པ་དང་། ཉེན་རྟོག་ཕྱོགས་ཀྱིས་དོན་དེར་རྟོག་ཞིབ་བྱེད་བཞིན་ཡོད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།