ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་དང་ཆེད་མཁས་པས་འཛམ་གླིང་ཡོངས་ཀྱིས་དྲོད་གྲངས་ཚོད་འཛིན་བྱེད་པར་འབད་བརྩོན་བྱེད་དགོས་པའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-10-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྲིད་གཞུང་བར་གྱི་ནམ་ཟླའི་འགྱུར་ལྡོག་ཆེད་དོན་ཨུ་ཡོན་ལྷན་ཁང་གིས་ཚེས་བརྒྱད་ཉིན་ཧན་གོའི་རིན་ཁྲོན་ནས་འཛམ་གླིང་ཡོངས་ཀྱི་དྲོད་གྲངས་གཅིག་དང་གྲངས་ཆུང་ལྔ་ཇེ་མཐོར་སོང་བའི་དམིགས་བསལ་སྙན་ཞུ་སྤེལ། དེའི་ཐད་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་དང་ཆེད་མཁས་པ་མང་བོས་རྒྱལ་ཁབ་སོ་སོས་འགུལ་སྐྱོད་སྤེལ་ཏེ། དྲོད་གྲངས་ཇེ་མཐོར་འགྲོ་བའི་ཚད་དེ་གཅིག་དང་གྲངས་ཆུང་ལྔའི་ནང་ཚོད་འཛིན་བྱེད་པར་འབད་བརྩོན་བྱེད་དགོས་པའི་འབོད་སྐུལ་བཏང་། 

སྙན་ཞུ་ལས་བསྟན་དོན། གལ་ཏེ་མིག་སྔའི་མྱུར་ཚད་ལྟར་ནམ་ཟླ་ཇེ་དྲོར་སོང་ན། འཛམ་གླིང་ཡོངས་ཀྱི་དྲོད་ཚད་དེ་ཉིས་སྟོང་སུམ་ཅུ་ལོ་ནས་ཉིས་སྟོང་ང་གཉིས་ལོའི་བར་བཟོ་ལས་ཅན་གྱི་སྔོན་གྱི་ཆུ་ཚད་ལས་དྲོད་གྲངས་གཅིག་དང་གྲངས་ཆུང་ལྔ་འཕར་སྲིད་པ་དང་། འཛམ་གླིང་ཡོངས་ཀྱི་དྲོད་གྲངས་དེ་གཅིག་དང་གྲངས་ཆུང་ལྔའི་ནང་ཚོད་འཛིན་བྱེད་པ་དེ་མིའི་རིགས་དང་སྐྱེ་ཁམས་མ་ལག་ལ་ཕན་ཐོགས་སྔར་ལས་ཆེན་པོ་ཡོད་ཟེར། 

ཀུའུ་ཐི་ལོས་སི་ཡིས་ཚེས་བརྒྱད་ཉིན་གསལ་སྒྲོག་སྤེལ་ཏེ། དམིགས་བསལ་གྱི་སྙན་ཞུ་དེ་ནི་འཛམ་གླིང་ལ་སྤེལ་བའི་ཉེན་བརྡ་ཞིག་ཡིན་པ་དང་། འཛམ་གླིང་གི་མི་རྣམས་ལ་ཆ་སྙོམས་དྲོད་གྲངས་གཉིས་འཕར་བ་དང་གཅིག་དང་གྲངས་ཆུང་ལྔ་འཕར་བའི་གནས་ཚུལ་མི་འདྲ་བ་གསལ་བོར་མཚོན་པར་བྱས་ཡོད། 

ཁོས་བཤད་རྒྱུར། འཛམ་གླིང་ཡོངས་ཀྱི་དྲོད་གྲངས་གཅིག་དང་གྲངས་ཆུང་ལྔ་ལས་མི་བརྒལ་བའི་དམིགས་འབེན་དེ་མངོན་འགྱུར་བྱེད་ཆེད། རྒྱལ་ཁབ་སོ་སོས་ངེས་པར་དུ་བྱེད་ཐབས་སྤྱད་དེ། ཉིས་སྟོང་ལྔ་བཅུ་ལོར་དྲོད་ཁང་གི་དྲོད་རླངས་ཕྱིར་གཏོང་མེད་པ་མངོན་འགྱུར་བྱ་དགོས། བྱེ་བྲག་ཏུ་བརྗོད་ན། རྒྱལ་ཁབ་སོ་སོས་ངེས་པར་དུ་ནགས་ཚལ་གཅོད་མཚམས་འཇོག་པ་དང་། སྡོང་བོ་མང་དུ་འཛུགས་དགོས་ལ། རྫས་འགྱུར་འབར་རྫས་བེད་སྤྱོད་བྱེད་ཚད་ལྡབ་འགྱུར་གྱིས་ཇེ་ཉུང་དུ་གཏོང་བ་དང་། ཉིས་སྟོང་ལྔ་བཅུ་ལོའི་སྔོན་ལ་རྡོ་སོལ་བཀོལ་མཚམས་འཇོག་དགོས། རླུང་ནུས་དང་ཉི་འོད་ནུས་པའི་སྒྲིག་ཆས་མང་དུ་བཀོལ་དགོས། ནམ་ཟླར་གནོད་པ་མེད་པའི་རྒྱུན་མཐུད་ཞིང་ལས་ཐད་མ་དངུལ་གཏོང་དགོས་ལ། སོལ་བའི་ཉར་འཇོག་སོགས་ལག་རྩལ་གསར་བར་བསམ་བློ་གཏོང་དགོས་ཟེར། 

ཀུའུ་ཐི་ལོས་སི་ཡིས་ཐེངས་འདིའི་མཉམ་འབྲེལ་རྒྱལ་ཚོགས་ནམ་ཟླའི་འགྱུར་ལྡོ་ཚོགས་ཆེན་ནས་ཕམ་ཁ་བྱུང་མི་རུང་བ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ངེས་པར་དུ་ཕཱ་རེ་སིའི་གྲོས་ཆོད་ཀྱི་ལག་བསྟར་རྩ་དོན་ལ་གྲོས་མཐུན་འགོད་དགོས་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།