ཀྲུང་གོ་བོད་ཀྱི་དྲ་བ།

ཧིན་རྡུ་ཉི་ཞི་ཡཱའི་ས་འགུལ་དྲག་པོ་དང་རྒྱ་མཚོ་འཕྱུར་བའི་དོན་རྐྱེན་ལས་རྐྱེན་ལམ་དུ་ཤོར་བའི་མི་གྲངས་སྟོང་གཅིག་དང་དགུ་བརྒྱ་ཞེ་བརྒྱད་ལ་འཕར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-10-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

201810090935246npd.jpg

ཟླ་བཅུ་བའི་ཚེས་ལྔ་ཉིན། ཧིན་རྡུ་ཉི་ཞི་ཡཱའི་སུའུ་ལཱ་ཝེ་ཞི་དབུས་མ་ཞིང་ཆེན་གྱི་ཏུང་ཅཱ་ལཱ་རྫོང་ནས། གནོད་ཐེབས་མང་ཚོགས་ཀྱིས་སྡོད་ཁང་ཞིག་རོའི་ཁྲོད་བཀོལ་ཆོག་པའི་དངོས་རྫས་འཚོལ་བཞིན་པ། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧིན་རྡུ་ཉི་ཞི་ཡཱའི་གནོད་འགོག་ཁང་གིས་ཚེས་བརྒྱད་ཉིན་བསྒྲགས་པ་ལྟར་ན། ཧིན་རྡུ་ཉི་ཞི་ཡཱའི་སུའུ་ལཱ་ཝེ་ཞི་དབུས་མ་ཞིང་ཆེན་ནས་ཉེ་སྔོན་བྱུང་བའི་ས་འགུལ་དྲག་པོ་དང་རྒྱ་མཚོ་འཕྱུར་བའི་དོན་རྐྱེན་ལས་རྐྱེན་ལམ་དུ་ཤོར་བའི་མི་གྲངས་སྟོང་དགུ་དང་དགུ་བརྒྱ་ཞེ་བརྒྱད་ལ་འཕར་ཡོད་ཟེར། 

ཧིན་རྡུ་ཉི་ཞི་ཡཱའི་གནོད་འགོག་ཁང་གི་མགྲིན་ཚབ་པ་སུའུ་ཐའོ་པའོ་ཡིས་ཉིན་དེར་སྤེལ་བའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། ཚེས་བརྒྱད་ཉིན་གྱི་ཕྱི་དྲོའི་དུས་ཚོད་གཅིག་བར། གནོད་འཚེ་དེ་ལས་མི་བརྒྱད་བརྒྱ་དང་སོ་ལྔ་གར་སོང་རྙེད་མེད་པ་དང་། མི་ཁྲི་གཅིག་བདུན་བརྒྱ་ལྷག་ལ་རྨས་ཕོག་ཡོད་ལ། དེའི་ནང་མི་སྟོང་གཉིས་དང་ལྔ་བརྒྱ་ཞེ་དགུའི་རྨས་སྐྱོན་ཚབས་ཆེན་ཡིན། དེ་ལས་གཞན། བསྡོམས་པས་ཁང་བ་ཁྲི་དྲུག་དང་སྟོང་ལྔ་བདུན་བརྒྱ་དང་སློབ་གྲྭ་སྟོང་གཉིས་དང་བདུན་བརྒྱ་སོ་དྲུག་ལ་གཏོར་བརླག་ཐེབས་ཡོད། མི་ཁྲི་བདུན་དང་སྟོང་བཞི་བཞི་བརྒྱ་བདེ་འཇགས་ས་ཁུལ་དུ་ཕྱིར་འཐེན་བྱས་ཡོད་ཟེར། 

སུའུ་ཐའོ་པའོ་ཡིས་བསྟན་དོན། ས་འགུལ་བྱུང་ས་གཙོ་བོ་དང་སྤྱི་ལེ་བརྒྱད་ཅུ་ཙམ་ཡོད་པའི་ཕཱ་ལུའུ་གྲོང་ཁྱེར་ནི་གནོད་འཚེ་ཐེབས་པ་ཆེས་ཚབས་ཆེ་བའི་ས་ཁུལ་ཞིག་ཡིན་པ་དང་། བསྡོམས་པས་མི་སྟོང་གཅིག་དང་ལྔ་བརྒྱ་སོ་དགུ་རྐྱེན་ལམ་དུ་ཤོར་ཡོད་ཟེར།

དེལས་གཞན་སུའུ་ཐའོ་པའོ་ཡིས་ད་རུང་བཤད་རྒྱུར། ཧིན་རྡུ་ཉི་ཞི་ཡཱའི་རྒུད་སྐྱོབ་མི་སྣས་མི་བརྒྱད་བརྒྱ་དང་གྱ་ལྔའི་བེམ་པོ་མཉམ་དུ་དུར་འཇུག་བྱས་ཡོད་ཟེར། 

སུའུ་ཐའོ་པའོ་ཡིས་ད་རུང་བསྟན་དོན། ས་འགུལ་དང་རྒྱ་མཚོ་འཕྱུར་བའི་རྒུད་སྐྱོབ་བྱ་བ་དེ་ཟླ་འདིའི་ཚེས་བཅུ་གཅིག་ཉིན་མཇུག་སྒྲིལ་རྒྱུ་ཡིན་ཡང་། གནས་ཚུལ་ལ་གཞིགས་ཏེ་ཡུན་ཇེ་རིང་དུ་གཏོང་མིན་ཐག་གཅོད་བྱེད་རྒྱུ་ཡིན་ཟེར། 

སུའུ་ཐའོ་པའོ་ཡིས་དེའི་སྔོན་བསྟན་དོན། ཐེངས་འདིའི་ས་འགུལ་དང་རྒྱ་མཚོ་འཕྱུར་བའི་དོན་རྐྱེན་ལས་བཟོས་པའི་དཔལ་འབྱོར་གྱོང་གུད་ཧིན་རྡུ་ཉི་ཞི་ཡཱའི་སྒོར་མོ་ཐེར་འབུམ་གཅིག་ལས་བརྒལ་ཡོད་པ་དང་། སྔོག་བཤེར་དང་བསྡོམས་རྩིས་བྱ་བ་མུ་མཐུད་དུ་སྤེལ་བ་དང་བསྟུན་ནས། ཤི་རྨས་ཐེབས་པའི་མི་གྲངས་དང་རྒྱུ་ནོར་གྱོང་གུད་ཐེབས་ཚད་སྔར་ལས་ཇེ་མང་དུ་འགྲོ་ངེས་རེད་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།