ཀྲུང་གོ་བོད་ཀྱི་དྲ་བ།

ཅོར་ཏན་གཙང་བོའི་ནུབ་འགྲམ་ནས་མེ་མདས་བརྒྱབ་པའི་དོན་རྐྱེན་བྱུང་སྟེ་མི་གཉིས་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-10-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་སི་རལ་རྒྱལ་སྲུང་དམག་དཔུང་གིས་ཚེས་བདུན་ཉིན་བཤད་རྒྱུར། ཅོར་ཏན་གཙང་བོའི་ནུབ་འགྲམ་བྱང་ངོས་ཀྱི་པཱ་ཨར་ཁན་བཟོ་ལས་ས་ཁུལ་ནས་ཉིན་དེའི་སྔ་དྲོར་མེ་མདས་བརྒྱབ་པའི་དོན་རྐྱེན་ཞིག་བྱུང་སྟེ། མི་གཉིས་རྐྱེན་ལམ་དུ་ཤོར་བ་དང་། མི་གཅིག་ལ་རྨས་ཕོག 

དབྱི་སི་རལ་དམག་ཕྱོགས་ཀྱི་མགྲིན་ཚབ་པ་ཁུང་ལི་ཁུའུ་སི་ཡིས་བཤད་རྒྱུར། ལོ་ཉེར་གསུམ་ཡིན་པའི་ཕཱ་ལེ་སི་ཐན་གྱི་མི་ཞིག་གིས་ཉིན་དེའི་སྔ་དྲོའི་དུས་ཚོད་བརྒྱད་ཡས་མས་སུ་བསྟུད་བརྒྱག་མེ་མདའ་བཟུང་ནས་བཟོ་ལས་ར་བ་དེར་ཡོང་བ་དང་། འཇབ་རྒོལ་མཁན་གྱིས་མེ་མདས་བརྒྱབ་རྗེས་བྲོས་བྱོལ་བྱས། མིག་སྔར་ཁོས་མུ་མཐུད་དུ་འཇབ་རྒོལ་དོན་རྐྱེན་བཟོ་མིན་གསལ་བོར་མི་ཤེས་ཟེར། 

གནས་ཚུལ་དངོས་སུ་མཐོང་མཁན་གྱིས་བཤད་རྒྱུར། མེ་མདས་བརྒྱབ་པ་ལས་སྐྱེས་པ་གཅིག་དང་བུད་མེད་གཅིག་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་བུད་མེད་གཅིག་ལ་རྨས་ཕོག རྨས་མ་དེར་ཚེ་སྲོག་གི་ཉེན་ཁ་མེད་ཟེར། 

ཁུང་ལི་སི་ཁུའུ་སི་བཤད་རྒྱུར། འཇབ་རྒོལ་མཁན་དེས་བཟོ་ལས་ར་བའི་ནང་བྱ་བ་བྱེད་བཞིན་ཡོད་པ་དང་། ཁྲིམས་མཐུན་གྱི་བྱ་བའི་དཔང་ཡིག་ཡོད་ལ། གནོད་ཐེབས་མཁན་ལ་ཆ་རྒྱུས་ཆེན་པོ་ཡོད་ཟེར། 

པཱ་ཨར་ཁན་བཟོ་ལས་ར་བ་དེ་ཡིའུ་ཐེ་བའི་གཏན་སྡོད་ས་ཁུལ་གྱི་ཉེ་སར་ཡོད་པ་དང་། མིག་སྔར་བཟོ་བ་སྟོང་བརྒྱད་ཙམ་ཡོད། དེའི་ནང་ཕྱེད་ཀ་དབྱི་སི་རལ་གྱི་མི་ཡིན་པ་དང་། དེའི་འཕྲོ་མ་ཕཱ་ལེ་སི་ཐན་གྱི་མི་ཡིན་པ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།