ཀྲུང་གོ་བོད་ཀྱི་དྲ་བ།

སྐབས་དོན་གསུམ་པའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་སྤྱིར་བཏང་གི་དཔྱད་གླེང་ཚོགས་འདུ་གྲོལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-10-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  སྐབས་དོན་གསུམ་པའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་སྤྱིར་བཏང་གི་དཔྱད་གླེང་ཚོགས་འདུ་ཚེས་གཅིག་ཉིན་ཉིག་ཡོ་རུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་ནས་སྤེལ་མགོ་བརྩམས། དེའི་སྐབས་སུ་རྒྱལ་ཁབ་སོ་སོའི་འཐུས་མིས་ཕྱོགས་མང་རིང་ལུགས་དང་སྒྲིག་སྲོལ་ལ་བརྟེན་པའི་རྒྱལ་སྤྱིའི་སྒྲིག་ལམ། འཛམ་གླིང་ཡོངས་དང་ས་ཁུལ་གྱི་ཞི་བདེ་དང་བདེ་འཇགས། རྒྱུན་མཐུད་འཕེལ་རྒྱས། ནམ་ཟླའི་འགྱུར་ལྡོག་སོགས་གནད་དོན་ཐད་ནས་རང་རང་གི་བསམ་འཆར་བརྗོད། 

སྐབས་དོན་གསུམ་པའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་ཀྲུའུ་ཞི་ཨེ་སི་ཕིས་ནོའུ་སཱ་ཡིས་ཚོགས་འདུ་གྲོལ་བའི་གཏམ་བཤད་སྤེལ་སྐབས་བཤད་རྒྱུར། འདས་པའི་གཟའ་འཁོར་གཅིག་གི་ནང་། མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་ནས་གྲུབ་འབྲས་མང་བོ་བླངས་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་མ་འོངས་པའི་ལོ་གཅིག་གི་བྱ་བ་དང་གྲོས་རིམ་ལ་རྨང་གཞི་བརྟན་པོ་བཏིང་ཡོད་ཟེར། ཐེངས་འདིའི་སྤྱིར་བཏང་གི་དཔྱད་གླེང་ཚོགས་འདུའི་སྟེང་ཚོགས་ཆེན་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགན་ནུས་དང་ཕྱོགས་མང་རིང་ལུགས་ཀྱི་གལ་ཆེན་རང་བཞིན་ལ་གྲོས་བསྡུར་བྱས་པ་དང་། འདུས་འདྲིལ་གློ་གཅུང་ནད་ལ་ཚོད་འཛིན་བྱེད་པའི་སྐོར་གྱི་ཆབ་སྲིད་བསྒྲགས་གཏམ་དང་འགོ་ནད་མིན་པའི་རིམས་ནད་ཚོད་འཛིན་བྱེད་པའི་ཆབ་སྲིད་བསྒྲགས་གཏམ་འཆར་ཟིན་ལ་གྲོས་འཆམ་བྱུང་སྟེ། རྒྱལ་ཁབ་སོ་སོས་མཉམ་ལས་གཏིང་ཟབ་ཏུ་སྤེལ་བར་གོ་སྐབས་བསྐྲུན་ཡོད། ང་ཚོས་མཉམ་འབྲེལ་འགུལ་སྐྱོད་སྤེལ་ཏེ་འཛམ་གླིང་ཡོངས་ཀྱི་འགྲན་རྩོད་ཐག་གཅོད་བྱེད་དགོས་པས། མིག་སྔའི་འཛམ་གླིང་ལ་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཕྱོགས་མང་རིང་ལུགས་ལ་ཤུགས་སྣོན་པར་དགོས་གལ་ལྷག་ཏུ་ཆེ་ཟེར། 
སྐབས་དོན་གསུམ་པའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་སྤྱིར་བཏང་གི་དཔྱད་གླེང་ཚོགས་འདུ་དེ་ཟླ་དགུ་བའི་ཚེས་ཉེར་ལྔ་ཉིན་ནས་ཟླ་བཅུ་བའི་ཚེས་གཅིག་ཉིན་བར་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་ནས་སྤེལ་བ་དང་། རྒྱལ་ཁབ་བརྒྱ་དང་དགུ་བཅུ་ལྷག་གི་མགོ་གཙོ་དང་། སྲིད་གཞུང་གི་མགོ་བ། མཐོ་རིམ་འཐུས་མི། དེ་མིན་རྒྱལ་སྤྱིའི་རྩ་འཛུགས་བཅས་གྲོས་ཚོགས་ལ་ཞུགས་ཏེ་གཏམ་བཤད་སྤེལ།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།