ཀྲུང་གོ་བོད་ཀྱི་དྲ་བ།

སྐབས་དོན་གསུམ་པའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་ནས་བཟོད་སྒོམ་རང་བཞིན་གྱི་སྤྱི་ཚོགས་འཛུགས་སྐྲུན་ཡར་སྐུལ་གཏོང་བར་དམིགས་པའི་ཆབ་སྲིད་བསྒྲགས་གཏམ་ལ་གྲོས་འཆམ་བྱུང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-09-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  སྐབས་དོན་གསུམ་པའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱིས་ཚེས་ཉེར་བཞིའི་ཉིན་མན་ཏི་ལཱའི་མཐོ་རིམ་གྲོས་ཚོགས་བསྡུས། གྲོས་ཚོགས་ལ་ཞུགས་མཁན་གྱི་ཁོངས་གཏོགས་རྒྱལ་ཁབ་དག་གིས་ཉིན་དེར་ཆབ་སྲིད་བསྒྲགས་གཏམ་སྤེལ་ཏེ། དོན་དངོས་བྱ་སྤྱོད་ལས་ཞི་བདེ་དང་དྲང་བདེན། བཟོད་སྒོམ། མཐོང་ཆུང་མེད་པའི་སྤྱི་ཚོགས་འཛུགས་སྐྲུན་བྱེད་པར་ཡར་སྐུལ་གཏོང་རྒྱུ་ཁས་ལེན་བྱས། 

བསྒྲགས་གཏམ་དེ་ནི་སྐབས་འདིའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་གྲོས་ཆོད་ཐོག་མ་ཡིན་པ་རེད། བསྒྲགས་གཏམ་ལས་བཤད་རྒྱུར། རིགས་རྒྱུད་རིང་ལུགས་དང་རིགས་རྒྱུད་མཐོང་ཆུང་དང་དགྲར་འཛིན་སེམས་ཁམས་དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དམིགས་ཡུལ་དང་རྒྱབ་འགལ་དུ་སོང་ཡོད་པ་དང་། རིག་གནས་དང་རིགས་རྒྱུད། ཆོས་ལུགས་བཅས་ཀྱི་སྣ་མང་རང་བཞིན་ལ་བརྩི་འཇོག་བྱེད་པ་དང་། ཡུན་རིང་ཞི་བདེ་མངོན་འགྱུར་དང་མི་རིགས་བར་གྱི་མཛའ་བརྩེ་ཇེ་ཟབ་ཏུ་གཏོང་བར་གལ་འགངས་ཧ་ཅང་ཆེ་ཟེར། 

ཉིན་དེའི་སྔ་དྲོར་ཨ་ཧྥེ་རི་ཁ་གླིང་ལྷོ་མའི་སྲིད་གཞུང་གིས་ཞལ་འདེབས་སུ་ཕུལ་བའི་མན་ཏི་ལཱའི་ཟངས་སྐུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་པུའུ་ནས་བཤམས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་དང་སྐབས་དོན་གསུམ་པའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་ཀྲུའུ་ཞི་ཨེ་སི་ཕིས་ནོའུ་སཱ། ཨ་ཧྥེ་རི་ཁ་ལྷོ་མའི་ཙུང་ཐུང་ལཱ་མཱ་ཧྥུའུ་སཱ་བཅས་ཀྱིས་ཟངས་སྐུའི་ཡོལ་རས་ཕྱེས། 

སྐབས་དོན་གཉིས་པའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱིས་ཉིས་སྟོང་བཅུ་བདུན་ལོའི་ཟླ་བཅུ་གཉིས་པར་གྲོས་ཆོད་བཀོད་དེ། ད་ལོར་མན་ཏི་ལཱའི་ཞི་བདེའི་མཐོ་རིམ་གྲོས་ཚོགས་སྤེལ་ནས་མན་ཏི་ལཱ་སྐུ་འཁྲུངས་ནས་ལོ་ངོ་བརྒྱ་འགོར་བར་རྗེས་དྲན་ཞུ་རྒྱུ་ཐག་བཅད་ཡོད། 


རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།