ཀྲུང་གོ་བོད་ཀྱི་དྲ་བ།

ཀུའུ་ཐི་ལོས་སི་ཡིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་འགུལ་སྐྱོད་ནུས་ལྡན་སྤེལ་ཏེ་དུག་རྫས་གནད་དོན་ཐག་གཅོད་བྱེད་དགོས་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-09-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཚེས་ཉེར་བཞིའི་ཉིན་བཤད་རྒྱུར། འཛམ་གླིང་ཡོངས་ཀྱི་དུག་རྫས་གནད་དོན་གྱི་གནས་བབ་ཧ་ལས་པ་ཞིག་ཡིན་པས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་འགུལ་སྐྱོད་ནུས་ལྡན་སྤྱད་དེ་རྙོག་འཛིང་གི་གནད་དོན་དེ་ཐག་གཅོད་བྱེད་དགོས་ཟེར། 

ཀུའུ་ཐི་ལོས་སི་ཡིས་ཉིན་དེར་མཉམ་འབྲེལ་རྒྱལ་ཚོགས་ནས་འཛམ་གླིང་ཡོངས་ཀྱིས་འགུལ་སྐྱོད་སྤེལ་ཏེ་འཛམ་གླིང་གི་དུག་རྫས་གནད་དོན་ཐག་གཅོད་བྱེད་པར་འབོད་སྐུལ་གཏོང་བའི་མཐོ་རིམ་གྲོས་ཚོགས་སྟེང་བཤད་རྒྱུར། དུག་རྫས་དང་དུག་རྫས་ལ་སྲེད་ཞེན་ཆེ་བའི་གནད་དོན་དེ་དུས་ངེས་མེད་དུ་འབྱུང་སྲིད་པས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ངེས་པར་དུ་འགུལ་སྐྱོད་སྤེལ་དགོས་ཟེར། 

ཀུའུ་ཐི་ལོས་སི་ཡིས་བཤད་རྒྱུར། འཛམ་གླིང་ཡོངས་ཀྱི་ཉལ་ཐལ་དང་ཁི་ཁཱ་ཡུན་གྱི་ཐོན་ཚད་ལོ་རྒྱུས་ཀྱི་ཆེས་མཐོ་བའི་ཚད་དུ་བསླེབ་ཡོད། ཉེ་བའི་ལོ་འགའི་རིང་ལ། འཛམ་གླིང་ཡོངས་སུ་མི་བྱེ་བ་གསུམ་དང་ས་ཡ་གཅིག་ཙམ་གྱིས་དུག་རྫས་བེད་སྤྱོད་བྱས་པའི་དབང་གིས་ངེས་པར་དུ་གསོ་བཅོས་དང་ལེན་བྱ་དགོས་པ་དང་། ལོ་རེར་མི་འབུམ་བཞི་དང་ཁྲི་ལྔ་དུག་རྫས་ཚད་བརྒལ་བེད་སྤྱོད་བྱས་པ་དང་དུག་རྫས་དང་འབྲེལ་བའི་བདེ་ཐང་གནད་དོན་དབང་གིས་ཚེ་སྲོག་ཤོར་བཞིན་ཡོད་ཟེར། 

ཀུའུ་ཐི་ལོས་སི་ཡིས་ད་རུང་བཤད་རྒྱུར། རྙོག་འཛིང་གི་གནད་དོན་དེ་ཐག་གཅོད་བྱེད་ཆེད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཕྱོགས་གཉིས་ནས་འགུལ་སྐྱོད་ནུས་ལྡན་སྤེལ་དགོས། ཐོག་མར་དུག་རྫས་ཁྲིམས་འགལ་གྱི་ཉོ་ཚོང་བྱེད་པ་དང་དུག་རྫས་ལྐོག་འཚོང་ལ་ཆམ་ཕབ་བཏང་སྟེ། དུག་རྫས་ལྐོག་འཚོང་ལ་ལྷོད་ཡངས་ཀྱི་གོ་སྐབས་གཏན་ནས་སྟེར་མི་རུང་བ་དང་། སྔར་ལས་ལྷག་པའི་སྒོ་ནས་མངའ་ཁོངས་བརྒལ་བའི་མཉམ་ལས་སྤེལ་ཏེ་དུག་རྫས་ལྐོག་འཚོང་མཁན་གྱི་རྗེས་འདེད་པ་དང་དུག་རྫས་ལྐོག་འཚོང་དྲ་བ་གཏོར་བཤིག་བྱེད་དགོས་པ་དང་། དེའི་ཞོར་དུ་གསོ་བཅོས་བྱ་དགོས་པའི་མི་སྣར་གསོ་བཅོས་བྱེད་པར་འགན་སྲུང་བྱ་དགོས་ཟེར། 


རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།