ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་དབུས་ཤར་རྒུད་སྐྱོབ་བཟོ་སྐྲུན་ཁྲུའུ་ཡི་ལས་བཟོ་བ་སྟོང་ཕྲག་འགའ་ཡིས་ཨ་མེ་རི་ཁས་རོགས་སྐྱོར་མ་དངུལ་མཚམས་བཞག་པར་ངོ་རྒོལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-09-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་དབུས་ཤར་རྒུད་སྐྱོབ་བཟོ་སྐྲུན་ཁྲུའུ་ཡི་ལས་བཟོ་བ་སྟོང་ཕྲག་འགའ་ཡིས་ཚེས་བཅུ་དགུའི་ཉིན་ཅཱ་ཧྲ་ས་ཁུལ་དུ་རྔམ་སྟོན་ཁྲོམ་སྐོར་བྱས་ཏེ། ཨ་མེ་རི་ཁས་ལས་ཁུངས་དེར་རོགས་སྐྱོར་མ་དངུལ་མཚམས་བཞག་པར་ངོ་རྒོལ་བྱས། 

རྔམ་སྟོན་ཁྲོམ་སྐོར་མཁན་དག་དབུས་ཤར་རྒུད་སྐྱོབ་བཟོ་སྐྲུན་ཁྲུའུ་ཡི་ཅཱ་ཧྲ་རུ་ཡོད་པའི་སྤྱི་ཁྱབ་པུའུ་ནས་ལམ་དུ་ཆས་པ་དང་། སྲང་ལམ་གཙོ་བོ་བརྒྱུད་དེ་སོང་། ཁོ་ཚོས་ཨ་མེ་རི་ཁས་མ་དངུལ་གྱི་རྒྱབ་སྐྱོར་མཚམས་བཞག་པར་རྒོལ་གཏམ་གཏོང་བ་དང་ཕཱ་ལེ་སི་ཐན་ཡུལ་གྱར་བའི་ཁེ་དབང་ལ་གནོད་པ་བཟོས་པར་རྒོལ་གཏམ་གཏོང་བའི་འཕྲེད་བྱང་བཟུང་ནས་ཁ་གཡང་མཐོན་པར་བསྒྲགས། 

དབུས་ཤར་རྒུད་སྐྱོབ་བཟོ་སྐྲུན་ཁྲུའུ་ཡི་ལས་བཟོ་བའི་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་མུས་སི་ཧཱ་ཨར་གྱིས་རྔམ་སྟོན་ཁྲོམ་སྐོར་བྱ་འགུལ་སྟེང་ཁྱབ་སྒྲོག་བྱས་དོན། དབུས་ཤར་རྒུད་སྐྱོབ་བཟོ་སྐྲུན་ཁྲུའུ་ཡི་ཅཱ་ཧྲ་ས་ཁུལ་དུ་ཡོད་པའི་ལས་ཁུངས་ཚང་མས་ཚེས་ཉེར་བཞིའི་ཉིན་དུས་ཚོད་གཉིས་རིང་ལས་བྱོལ་བྱས་ཏེ། ཕཱ་ལེ་སི་ཐན་ཡུལ་གྱར་བར་འདོན་སྤྲོད་བྱེད་པའི་ཞབས་ཞུ་དང་ལས་བཟོ་བ་ཇེ་ཉུང་དུ་བཏང་བར་ངོ་རྒོལ་བྱེད་རྒྱུ་ཡིན་ཟེར། 

མུས་སི་ཧཱ་ཨར་གྱིས་བཤད་རྒྱུར། ལས་བཟོ་བའི་མཉམ་འབྲེལ་ལྷན་ཚོགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་ལ་འཕྲིན་ཡིག་བསྐུར་ཏེ། མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱིས་དབུས་ཤར་རྒུད་སྐྱོབ་བཟོ་སྐྲུན་ཁྲུའུ་ལ་རྒྱབ་སྐྱོར་བྱས་ཏེ། མིག་སྔར་འཕྲད་པའི་ཛ་དྲག་གི་ནོར་སྲིད་ཉམས་ཉེན་ཐག་གཅོད་བྱེད་པ་དང་མཇུག་འབྲས་ཚབས་ཆེན་འབྱུང་བར་སྔོན་འགོག་བྱེད་དགོས་པའི་འབོད་སྐུལ་བཏང་།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།