ཀྲུང་གོ་བོད་ཀྱི་དྲ་བ།

ཝུའུ་ཁི་ལན་གནད་དོན་གྱི་ཕྱོགས་གསུམ་འབྲེལ་གཏུག་ཚན་ཆུང་གིས་ཝུའུ་ཁི་ལན་ཤར་ཕྱོགས་ཀྱི་མི་ཆོས་རིང་ལུགས་ཀྱི་ས་འོག་འགད་རྫས་གཏོར་ལེན་བྱེད་པའི་གལ་ཆེན་རང་བཞིན་ནན་བཤད་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-09-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ9བའི་ཚེས19ཉིན། ཨུ་རུ་སི་དཀར་པོའི་རྒྱལ་ས་མེན་སི་ཁི་ནས། ཡོ་རོབ་གླིང་བདེ་འཇགས་དང་མཉམ་ལས་རྩ་འཛུགས་ཀྱི་དམིགས་བསལ་འཐུས་མི་སཱ་དབྱེ་ཏིས་ཁི་ཡིས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་ཝུའུ་ཁི་ལན་གནད་དོན་གྱི་ཕྱོགས་གསུམ་འབྲེལ་གཏུག་ཚན་ཆུང་གི་གྲོས་མོལ་གནས་ཚུལ་མཚམས་སྦྱོར་བྱས། 

ཝུའུ་ཁི་ལན་གནད་དོན་གྱི་ཕྱོགས་གསུམ་འབྲེལ་གཏུག་ཚན་ཆུང་གིས་ཚེས་བཅུ་དགུའི་ཉིན་ཨུ་རུ་སི་དཀར་པོའི་རྒྱལ་ས་མེན་སི་ཁི་ནས་རྒྱུན་ལྡན་གྱི་གྲོས་མོལ་བསྡུས་ཏེ། ཕྱོགས་སོ་སོས་ཝུའུ་ཁི་ལན་ཤར་ཕྱོགས་ས་ཁུལ་གྱི་མི་ཆོས་རིང་ལུགས་ཀྱི་ས་འོག་འགད་རྫས་གཏོར་ལེན་བྱེད་པའི་གལ་ཆེན་རང་བཞིན་ནན་བཤད་བྱས། 

ཡོ་རོབ་གླིང་བདེ་འཇགས་དང་མཉམ་ལས་རྩ་འཛུགས་ཀྱི་དམིགས་བསལ་འཐུས་མི་སཱ་དབྱེ་ཏིས་ཁི་ཡིས་ཉིན་དེར་གྲོས་མོལ་བྱས་རྗེས་ཀྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བསྟན་དོན། ཝུའུ་ཁི་ལན་ཤར་ཕྱོགས་ས་ཁུལ་དེ་འཛམ་གླིང་སྟེང་ས་འོག་འགད་རྫས་སྦས་པ་ཆེས་མང་བའི་ས་ཁུལ་ཅིག་ཡིན། ཡོ་རོབ་གླིང་བདེ་འཇགས་དང་མཉམ་ལས་རྩ་འཛུགས་ཀྱི་དམིགས་བསལ་ལྟ་ཞིབ་ཚོགས་པའི་ཚོགས་གཙོ་ཨ་ཕཱ་ཁན་གྱིས་ཕྱོགས་གསུམ་འབྲེལ་གཏུག་ཚན་ཆུང་བདེ་འཇགས་བྱ་བའི་གྲོས་མོལ་ཁྲོད་གོ་རིམ་ལྡན་པའི་སྒོ་ནས་མི་ཆོས་རིང་ལུགས་ཀྱི་ས་འོག་འགད་རྫས་གཏོར་ལེན་བྱེད་དགོས་པ་ནན་བཤད་བྱས། དེ་ལས་གཞན་ཕྱོགས་སོ་སོས་གྲོས་མོལ་བྱེད་སྐབས་ད་རུང་འཁྲུག་རྩོད་མཚམས་འཇོག་པའི་རྐྱེན་སྲོལ་བརྩི་སྲུང་བྱེད་པ་སོགས་གནད་དོན་ལ་གྲོས་བསྡུར་བྱས། 

སཱ་དབྱེ་ཏིས་ཁི་ཡིས་བསྟན་དོན། ཕྱོགས་གསུམ་འབྲེལ་གཏུག་ཚན་ཆུང་གི་དཔལ་འབྱོར་བྱ་བའི་ཚན་ཆུང་གི་གྲོས་མོལ་ཁྲོད། ཕྱོགས་སོ་སོས་སྔར་ལས་ལྷག་པའི་སྒོ་ནས་བྱེད་ཐབས་སྤྱད་དེ་ཝུའུ་ཁི་ལན་ཤར་ཕྱོགས་ས་ཁུལ་གྱི་སྤོ་སྒུལ་འཕྲིན་གཏོང་གནས་ཚུལ་ལེགས་བཅོས་བྱེད་པ་དང་འཐུང་ཆུ་འདོན་སྤྲོད་གནད་དོན་མྱུར་དུ་ཐག་གཅོད་བྱེད་པར་གྲོས་བསྡུར་བྱས་པ་དང་། ཕྱོགས་གསུམ་འབྲེལ་གཏུག་ཚན་ཆུང་གི་མི་གཞུང་བྱ་བའི་ཚན་ཆུང་གིས་བཀག་འཇུག་བྱས་པའི་མི་སྣའི་བརྗེ་སྤོར་གནད་དོན་ལ་གྲོས་བསྡུར་བྱས་ཟེར། 

ཕྱོགས་སོ་སོས་གྲོས་བསྡུར་བྱས་པ་བརྒྱུད། ཕྱོགས་གསུམ་འབྲེལ་གཏུག་ཚན་ཆུང་གིས་ཟླ་བཅུ་བའི་ཚེས་གཉིས་ཉིན་ནས་སྐོར་ཐེངས་རྗེས་མའི་གྲོས་མོལ་སྤེལ་རྒྱུ་ཐག་བཅད་ཡོད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།