ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སི་དང་ཐུར་ཁེ་ཡིས་སི་རི་ཡཱའི་དབྱེ་ཏི་ལེ་པུའུ་ཞིང་ཆེན་དུ་དམག་དོན་མིན་པའི་ས་ཁུལ་འཛུགས་རྒྱུ་རེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-09-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཚེས་བཅུ་བདུན་ཉིན་སོ་ཆི་ནས་འཚམས་འདྲིར་ཡོང་བའི་ཐུར་ཁེའི་ཙུང་ཐུང་ཨེ་ཨར་ཏའོ་ཨན་དང་གྲོས་མོལ་བྱས། ཕྱོགས་གཉིས་ཀྱིས་གྲོས་མོལ་བྱས་རྗེས་མཉམ་འབྲེལ་གསལ་སྒྲོག་སྤེལ་ཏེ། སི་རི་ཡཱའི་དབྱེ་ཏི་ལེ་པུའུ་ཞིང་ཆེན་གྱི་སྲིད་གཞུང་དམག་དཔུང་དང་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་ཆས་པའི་བར་དམག་དོན་མིན་པའི་ས་ཁུལ་འཛུགས་རྒྱུ་ཡིན་ཟེར། 

མཉམ་འབྲེལ་གསལ་སྒྲོག་ལྟར་ན། ཨུ་རུ་སི་དང་ཐུར་ཁེ་ཕྱོགས་གཉིས་ཀྱིས་གྲོས་མོལ་བྱས་པ་བརྒྱུད། ད་ལོའི་ཟླ་བཅུ་བའི་ཚེས་བཅོ་ལྔ་ཉིན་གྱི་སྔོན་ལ་སི་རི་ཡཱའི་དབྱེ་ཏི་ལེ་པུའུ་ཞིང་ཆེན་གྱི་སྲིད་གཞུང་དམག་དཔུང་དང་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་ཆས་པའི་བར་སྤྱི་ལེ་བཅོ་ལྔ་ནས་སྤྱི་ལེ་ཉི་ཤུ་ཡོད་པའི་དམག་དོན་མིན་པའི་ས་ཁུལ་ཞིག་བཙུགས་ཏེ། དབང་བསྡུའི་འཐབ་ཕྱོགས་སོགས་ཐལ་སྤྱོད་རྩ་འཛུགས་དག་ས་ཁོངས་དེ་ནས་མཐར་སྐྲོད་གཏོང་རྒྱུ་ཐག་བཅད། དེ་ལས་གཞན་ཨེ་ཨར་ཏའོ་ཨན་གྱིས་ཟླ་བཅུ་བའི་ཚེས་བཅུ་ཉིན་གྱི་སྔོན་ལ་ངོ་རྒོལ་ཕྱོགས་ཁག་གི་དྲག་ཆས་པའི་ཐན་ཁི་འཁོར་ལོ་དང་མེ་སྒྱོགས་སོགས་མཚོན་ཆ་ཆེ་གྲས་ངེས་པར་དུ་ས་ཁུལ་དེ་ནས་ཕྱིར་འཐེན་བྱེད་དགོས་པའི་གྲོས་གཞི་བཏོན། 

གསལ་སྒྲོག་ལས་ད་རུང་བཤད་རྒྱུར། དམག་དོན་མིན་པའི་ས་ཁུལ་ལ་སོ་སོར་ཐུར་ཁེའི་དམག་མི་དང་ཨུ་རུ་སིའི་ཉེན་རྟོག་མི་སྣས་གྲུབ་པའི་སྐོར་གཡེང་རུ་ཁག་གིས་ལྟ་རྟོག་བྱེད་རྒྱུ་རེད། ཕྱོགས་གཉིས་ཀྱིས་ད་རུང་ད་ལོའི་ལོ་མཇུག་གི་སྔོན་ལ་སི་རི་ཡཱའི་ཨ་ལེ་ཕའོ་ཞིང་ཆེན་ནས་ལཱ་ཐཱ་ཅི་ཡཱ་ཞིང་ཆེན་དང་། ཨ་ལེ་ཕའོ་ཞིང་ཆེན་ནས་ཧཱ་མཱ་ཞིང་ཆེན་བར་གྱི་གཞུང་ལམ་འགྲིམ་འགྲུལ་སླར་གསོ་བྱེད་དགོས་པའི་གྲོས་གཞི་བཏོན། 

ཕྱོགས་གཉིས་ཀྱི་གསལ་སྒྲོག་ལས་བསྐྱར་སྒྲོག་བྱས་དོན། སི་རི་ཡཱའི་མངའ་ཁོངས་ཀྱི་རྣམ་པ་གང་རུང་གི་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་རྒྱུ་ཡིན་པ་དང་། འཆར་གཞི་ལྡན་པའི་འགུལ་སྐྱོད་སྤེལ་ནས་ཆབ་སྲིད་ལ་བརྟེན་ནས་སི་རི་ཡཱའི་གནད་དོན་ཐག་གཅོད་བྱེད་པར་སྐུལ་འདེད་གཏོང་རྒྱུ་མ་ཟད། རི་ནེ་ཝའི་ཞི་བའི་གྲོས་མོལ་གྱི་སྒྲོམ་གཞིའི་འོག་གི་མཐུན་སྦྱོར་བྱ་བར་སྐུལ་འདེད་བཏང་ནས་སྔ་མོ་ནས་སི་རི་ཡཱ་ནས་ཞི་བདེ་སླར་གསོ་བྱེད་དུ་འཇུག་རྒྱུའི་ཚུལ་བསྟན། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།