ཀྲུང་གོ་བོད་ཀྱི་དྲ་བ།

ཧན་གོ་དང་ཁྲའོ་ཞན་གྱིས་དམག་དོན་ཁྱབ་ཁོངས་ཀྱི་མཉམ་ལས་ཐད་ནས་གྲོས་མོལ་བྱེད་བཞིན་ཡོད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-09-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧན་གོའི་ཙུང་ཐུང་བཞུགས་ཤག་ཆིན་ཝ་ཐེའི་བདེ་སྲུང་ཁང་གི་མགོ་བ་ཀྲིན་དབྱེ་རོང་གིས་ཚེས་བཅུ་གསུམ་ཉིན་བསྟན་དོན། རྩ་བའི་ཐོག་ནས་ཧན་གོ་དང་ཁྲའོ་ཞན་ཕྱོགས་གཉིས་ཀྱི་དམག་དོན་འཁྲུག་རྩོད་བསྐྱེད་སྲིད་པའི་ཉེན་ཁའི་རྒྱུ་མེད་པར་གཏོང་བ་དང་། དམག་དོན་ཐད་ཀྱི་ཕན་ཚུན་ཡིད་ཆེས་ཆུ་ཚད་ཇེ་མཐོར་གཏོང་ཆེད། ཧན་གོ་དང་ཁྲའོ་ཞན་གྱིས་དམག་དོན་ཁྱབ་ཁོངས་སུ་མཉམ་ལས་རྒྱ་ཆེར་སྤེལ་ནས་ཇུས་གཞི་གཏན་འབེབས་བྱེད་བཞིན་ཡོད་ཟེར། 

ཀྲིན་དབྱེ་རོང་གིས་ཉིན་དེར་སྤེལ་བའི་ཉིས་སྟོང་བཅོ་བརྒྱད་ལོའི་ཧྲིག་ཨར་བདེ་སྲུང་གྲོས་མོལ་མགོ་རྩོམ་པའི་མཛད་སྒོའི་སྟེང་ཞུ་ཚིག་ཕུལ་ཏེ། ཧན་གོ་དང་ཁྲའོ་ཞན་གྱི་དམག་དོན་ཐད་ཀྱི་ཛ་དྲག་གི་གནས་བབ་ཞི་འཇགས་སུ་གཏོང་བ་ནི་ཁྲའོ་ཞན་ཕྱེད་གླིང་དུ་ཉིང་རྡུལ་ནུས་པ་མེད་པར་གཏོང་བའི་སྔོན་འགྲོའི་ཆ་རྐྱེན་ཡིན། ཉིང་རྡུལ་ནུས་པ་མེད་པར་གཏོང་བ་མངོན་འགྱུར་བྱེད་པར་སྣང་ཚུལ་བཟང་བོ་བསྐྲུན་དགོས་ཟེར། ཁོས་མཚམས་སྦྱོར་བྱས་དོན། ཧན་གོ་དང་ཁྲའོ་ཞན་ཕྱོགས་གཉིས་ཀྱིས་སྐམ་མཚོ་མཁའ་གསུམ་གྱི་ཁྱབ་ཁོངས་ཀྱི་དགྲར་འཛིན་བྱ་སྤྱོད་མཚམས་འཇོག་བཞིན་ཡོད་པ་དང་། གློ་བུར་དུ་བྱུང་བའི་དྲག་ཆས་འཁྲུག་རྩོདོ་སྔོན་འགོག་བྱེད་པ། ཁྲའོ་ཞན་ཕྱེད་གླིང་ནུབ་ཕྱོགས་མཚོ་ཁོངས་སུ་ཞི་བདེའི་མཚོ་ཁོངས་གཏན་འཁེལ་བྱེད་པ་སོགས་གནད་དོན་ཐད་ནས་བྱེ་བྲག་ཏུ་གྲོས་མོལ་བྱེད་བཞིན་ཡོད་ཟེར། 

ཚེས་བཅོ་བརྒྱད་ཉིན་ནས་ཚེས་ཉི་ཤུའི་ཉིན་བར་ཁྲའོ་ཞན་ཕེན་རང་ནས་སྤེལ་རྒྱུ་ཡིན་པའི་ཧན་གོ་དང་ཁྲའོ་ཞན་གྱི་མགོ་གཙོའི་གྲོས་མོལ་ཐད་ནས་ཀྲིན་དབྱེ་རོང་གིས་བསྟན་དོན། སྐབས་ཐོག་དེར་ཕྱོགས་གཉིས་ཀྱིས་ཕྱེད་གླིང་དུ་ཉིང་རྡུལ་ནུས་པ་མེད་པར་གཏོང་བའི་ཇུས་གཞིའི་ཐད་ནས་བྱེ་བྲག་ཏུ་གྲོས་བསྡུར་ཟབ་མོ་བྱེད་རྒྱུ་རེད་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།