མཱ་ཁི་ལུང་གིས་ཧྥ་རན་སི་ཡིས་ཡོ་སྒོར་ཐེར་འབུམ་བརྒྱད་བཏང་སྟེ་དབུལ་ཕོངས་སེལ་རྒྱུ་ཁྱབ་སྒྲོག་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་གིས་ཚེས་བཅུ་གསུམ་ཉིན་དངོས་སུ་དབུལ་སེལ་འཆར་གཞི་ཁྱབ་སྒྲོག་བྱས། ཁོས་བཤད་རྒྱུར། ཧྥ་རན་སི་ཡིས་ཡོ་སྒོར་ཐེར་འབུམ་བརྒྱད་བཏང་སྟེ། དབུལ་ཕོངས་མང་ཚོགས་ཀྱི་འཚོ་བ་ལེགས་བཅོས་བྱེད་པ་དང་ཁོ་ཚོས་བྱ་བ་བཙལ་བར་རོགས་རམ་བྱེད་རྒྱུ་ཡིན་ཟེར། 

མཱ་ཁི་ལུང་གིས་ཉིན་དེར་ཕཱ་རེ་སི་ནས་དབུལ་སེལ་འཆར་གཞི་དེ་རྒྱས་བཤད་བྱས། ཧྥ་རན་སིའི་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པ་ལྟར་ན། འཆར་གཞི་དེའི་དམིགས་འབེན་གཙོ་བོ་ཞིག་ནི་ན་གཞོན་དག་དབུལ་ཕོངས་སུ་འགྱུར་བར་སྔོན་འགོག་བྱེད་རྒྱུ་དེ་ཡིན་ལ། དེའི་བྱེད་ཐབས་གཙོ་བོར་ན་གཞོན་དག་ལ་རོགས་རམ་བྱས་ནས་ལས་ཞུགས་བྱེད་པ་དང་། དབུལ་ཕོངས་བྱིས་པའི་སློབ་གསོ་སོགས་ཁེ་དབང་ལ་ཁག་ཐེག་བྱེད་པ་སོགས་འདུས། 

མཱ་ཁི་ལུང་གིས་ནན་གྱིས་བསྟན་དོན། དབུལ་ཕོངས་དེ་མི་རབས་ནས་མི་རབས་ལ་རྒྱུན་འཛིན་བྱེད་མི་རུང་། དབུལ་ཕོངས་སེལ་བའི་འཆར་གཞི་ལེགས་འགྲུབ་འབྱུང་བའི་གནད་འགག་ནི་ལས་ཞུགས་གསར་སྐྲུན་བྱེད་རྒྱུ་དེ་ཡིན་ཟེར། ཁོས་བསྟན་དོན། གལ་ཏེ་མི་རྣམས་ལ་བྱ་བ་མེད་ན། དབུལ་ཕོངས་གནད་དོན་ཐག་གཅོད་བྱེད་པའི་གོ་སྐབས་མེད་ལ། གལ་ཏེ་སྤྱི་ཚོགས་ལ་ཐོན་སྐྱེད་མེད་ན། རྒྱུ་ནོར་ཡང་བསྐྱར་བགོ་བཤའ་བྱེད་པའི་གོ་སྐབས་ཡོད་མི་སྲིད་ཟེར། 

དབྱེ་ཞིབ་མི་སྣས་བལྟས་ན། མཱ་ཁི་ལུང་གིས་སྲིད་གཞུང་ཁོ་ནས་དབུལ་ཕོངས་མང་ཚོགས་ལ་དཔལ་འབྱོར་རོགས་སྐྱོར་བྱེད་པའི་བྱེད་ཐབས་བསྒྱུར་ནས། དབུལ་ཕོངས་མང་ཚོགས་ཀྱིས་ཡང་བསྐྱར་ལས་ཞུགས་བྱེད་པར་རོགས་རམ་་ཐུབ་པའི་སྲིད་ཇུས་ཤིག་སྤྱོད་རྩིས་ཡོད་ལ། དེའི་དམིགས་ཡུལ་ནི་ཧྥ་རན་སིའི་དཔལ་འབྱོར་ལའང་དེའི་ཁྲོད་ནས་ཁེ་ཕན་ཐོབ་པར་བྱེད་པའི་ཆེད་རེད་ཟེར། ཡང་དབྱེ་ཞིབ་པ་ལ་ལས་བལྟས་ན། མིག་སྔར་དབུལ་སེལ་འཆར་གཞི་དེར་གདེང་འཇོག་བྱས་ན་ཅུང་སྔ་དྲགས་པ་དང་། ཧྥ་རན་སིའི་མང་ཚོགས་ཀྱིས་འཆར་གཞི་དེ་དང་ལེན་བྱེད་མིན་ལ་བལྟ་དགོས་ཟེར།   །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།