ཀྲུང་གོ་བོད་ཀྱི་དྲ་བ།

འཛམ་གླིང་ཡོངས་ཀྱི་ལྟོགས་སྐོམ་མྱོང་བའི་མི་གྲངས་ཇེ་མང་དུ་འགྲོ་བཞིན་ཡོད་པ་དང་ཉིས་སྟོང་སུམ་ཅུ་ལོར་ལྟོགས་སྐོམ་སེལ་བར་དཀའ་ཁག་ཆེ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-09-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཉིས་སྟོང་བཅོ་བརྒྱད་ལོའི་འཛམ་གླིང་འབྲུ་རིགས་བདེ་འཇགས་དང་འཚོ་བཅུད་གནས་ཚུལ་གྱི་སྙན་ཞུ་ལས་ཚེས་བཅུ་གཅིག་ཉིན་བསྟན་དོན། ཉིས་སྟོང་བཅུ་བདུན་ལོར་འཛམ་གླིང་ཡོངས་ཁ་ཟས་མི་འདང་བའི་དཀའ་སྡུག་གི་གནས་སུ་ལྷུང་བའི་མི་གྲངས་དུང་ཕྱུར་བརྒྱད་དང་བྱེ་བ་གཉིས་ས་ཡ་གཅིག་ལ་བསླེབ་པ་དང་། ཁ་གྲངས་དེ་བསྟུད་མར་ལོ་གསུམ་ལ་ཇེ་མང་དུ་སོང་ཡོད། གལ་ཏེ་ཐག་གཅོད་ཤུགས་ཚད་ཇེ་ཆེར་མ་བཏང་ན། ཉིས་སྟོང་སུམ་ཅུའི་ལོར་ལྟོགས་སྐོམ་སེལ་བའི་དམིགས་འབེན་མངོན་འགྱུར་བྱེད་པར་དཀའ་ཁག་ཡོད་ཟེར། 

འཛམ་གླིང་འབྲུ་རིགས་བདེ་འཇགས་དང་འཚོ་བཅུད་གནས་ཚུལ་གྱི་སྙན་ཞུ་དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲུ་རིགས་དང་ཞིང་ལས་རྩ་འཛུགས། རྒྱལ་སྤྱིའི་ཞིང་ལས་འཕེལ་རྒྱས་ཐེབས་རྩ་ཚོགས་པ། མཉམ་འབྲེལ་རྒྱལ་ཚོགས་བྱིས་པའི་ཐེབས་རྩ་ཚོགས་པ། འཛམ་གླིང་འབྲུ་རིགས་འཆར་འགོད་ཁང་། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་བཅས་ཀྱིས་མཉམ་དུ་སྒྲིག་པ་ཡིན་ལ། དམིགས་ཡུལ་ནི་རྒྱལ་སྤྱིའི་སྤྱི་ཚོགས་ལ་ལྟོགས་སྐོམ་སེལ་བ་དང་འཚོ་བཅུད་ལེགས་བཅོས་བྱེད་པ་སོགས་ཐད་ཀྱི་བརྡ་འཕྲིན་འདོན་སྤྲོད་བྱེད་པའི་ཆེད་རེད། 

སྙན་ཞུ་ལས་བསྟན་དོན། ནམ་ཟླའི་འགྱུར་ལྡོག་དང་ས་ཁུལ་གྱི་འཁྲུག་རྩོད་སོགས་རྒྱུ་རྐྱེན་དབང་གིས་ཉིས་སྟོང་བཅུ་བདུན་ལོར་འཛམ་གླིང་ཡོངས་སུ་ལྟོ་བ་མི་བརྒྱག་པའི་མི་གྲངས་ཉིས་སྟོང་བཅུ་དྲུག་གི་རྨང་གཞིའི་སྟེང་ཇེ་མང་དུ་སོང་ཡོད། རྒྱལ་ཁབ་མང་བོར་འཐབ་འཁྲུག་གིས་སྡུག་ལ་སྦྱར་ཡོད་པ་དང་། དེའི་ཁར་ན་ནིང་ཆུ་ལོག་དང་ཐན་པ་སོགས་རང་བྱུང་གནོད་འཚེ་བྱུང་སྟེ། ཡེ་མིན་དང་སོ་མཱ་ལི། ཨ་ཧྥུའུ་ཧན་སོགས་ཀྱི་ལྟོགས་སྐོམ་མྱོང་བའི་གནས་བབ་ཇེ་སྡུག་ཏུ་བཏང་ཡོད། 

སཱ་ཧཱ་ལཱ་ལྷོ་ངོས་ཀྱི་ཨ་ཧྥེ་རི་ཁ་གླིང་དང་མེ་གླིང་ལྷོ་མ་ནི་ལྟོགས་སྐོམ་གནད་དོན་ཆེས་ཚབས་ཆེ་བའི་ས་ཁུལ་རེད། ཨ་ཧྥེ་རི་ཁ་ཤར་ཕྱོགས་ས་ཁུལ་ནི་ཁ་ཟས་མི་འདང་བའི་ས་ཁུལ་གཙོ་བོ་ཞིག་ཡིན་པ་དང་། འཚོ་བཅུད་མི་འདང་བའི་ཚད་བརྒྱ་ཆའི་སོ་གཅིག་ལྷག་ལ་བསླེབ་ཡོད། མེ་གླིང་ལྷོ་མར་མ་བཅོས་རྡོ་སྣུམ་ཕྱིར་གཏོང་གི་ཚོང་རའི་རིན་གོང་དམའ་བ་སོགས་རྒྱུ་རྐྱེན་གྱི་ཤུགས་ཆེན་པོ་ཐེབས་ཡོད། 

སྙན་ཞུ་ལས་བསྟན་དོན། རྒྱལ་ཁབ་ང་གཅིག་ཙམ་གྱི་མི་དུང་ཕྱུར་གཅིག་དང་བྱེ་བ་གཉིས་ས་ཡ་བཞི་ལྟོགས་སྐོམ་མྱོང་བའི་གནས་བབ་དེ་ཉེན་ཁའི་ཆུ་ཚད་དུ་གནས་ཡོད། འཛམ་གླིང་ཡོངས་སུ་ལོ་ལྔར་སོན་མེད་པའི་བྱིས་པའི་ཁྲོད་བརྒྱ་ཆའི་ཉེར་གཉིས་ཀྱི་སྐྱེས་འཕེལ་ལ་ཤུགས་རྐྱེན་ཐེབས་ཡོད། དེ་བས་མི་དུང་ཕྱུར་གཅིག་དང་བྱེ་བ་ལྔ་ས་ཡ་གཅིག་གིས་ལྟོགས་སྐོམ་མྱོང་བཞིན་ཡོད་ཟེར། 

ཕྱོགས་གཞན་ཞིག་ནས་ཁ་ཟས་མི་འདང་བ་དང་རྒྱུན་མཐུད་ངང་ཁ་ཟས་ཐོབ་ཐབས་མེད་པས་རྒྱལ་ཁབ་རེ་འགའི་མང་ཚོགས་ཀྱིས་བདེ་ཐང་ཟས་རིགས་བསྟེན་ཚད་མི་འདང་བ་དང་། རིན་གོང་དམའ་ཞིང་ཚ་ནུས་མཐོ་བའི་ལས་སྣོན་ཟས་རིགས་མང་དུ་བསྟེན་པས་ཚོ་འབུད་པའི་གནད་དོན་བྱུང་ཡོད། འཛམ་གླིང་ཡོངས་སུ་ཚོ་བུད་པའི་དར་མའི་ཁ་གྲངས་ཉིས་སྟོང་བཅུ་ཞིའི་ལོ་དུང་ཕྱུར་དྲུག་ཡིན་པ་དང་། ཉིས་སྟོང་བཅུ་བདུན་ལོར་དུང་ཕྱུར་དྲུག་དང་བྱེ་བ་བདུན་ས་ཡ་གཉིས་ལ་འཕར་ཡོད། དེས་འཛམ་གླིང་ཡོངས་ཀྱི་དར་མའི་བརྒྱ་ཆའི་བཅུ་གསུམ་ཟིན་ཡོད། 

སྙན་ཞུ་ལས་བསྟན་དོན། གལ་ཏེ་ལྟོགས་སྐོམ་གནད་དོན་ཐག་གཅོད་བྱེད་པའི་ཤུགས་ཚད་ཇེ་ཆེར་མ་བཏང་ན། ཉིས་སྟོང་སུམ་ཅུའི་ལོར་ལྟོགས་སྐོམ་སེལ་བའི་དམིགས་འབེན་དེ་མངོན་འགྱུར་བྱེད་པར་དཀའ་ཁག་ཧ་ཅང་ཆེ་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།