ཀྲུང་གོ་བོད་ཀྱི་དྲ་བ།

ཨ་མེ་རི་ཁའི་ས་ཁུལ་མང་བོ་ནས་བྱ་འགུལ་སྤེལ་ཏེ་དགུ་བའི་བཅུ་གཅིག་གི་དོན་རྐྱེན་བྱུང་ནས་ལོ་ངོ་བཅུ་བདུན་འགོར་བར་རྗེས་དྲན་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-09-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་ཉིག་ཡོ་དང་ཝ་ཧྲིན་ཐོན་སོགས་ས་ཁུལ་དུ་ཚེས་བཅུ་གཅིག་ཉིན་བྱ་འགུལ་སྤེལ་ཏེ། དགུ་བའི་བཅུ་གཅིག་གི་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་བྱུང་ནས་ལོ་ངོ་བཅུ་བདུན་འགོར་བར་རྗེས་དྲན་བྱས། 

ཉིག་ཡོ་གྲོང་ཁྱེར་གྱི་འཛམ་གླིང་ཉོ་ཚོང་ལྟེ་གནས་ཀྱི་མཆོད་རྟེན་ཟུང་གི་རྗེས་ཤུལ་གྱི་དགུ་བའི་བཅུ་གཅིག་གི་རྗེས་དྲན་ཐང་ཆེན་དུ་རྗེས་དྲན་བྱ་འགུལ་སྤེལ་བ་དང་། དགུ་བའི་བཅུ་གཅིག་གི་འཇབ་རྒོལ་ཁྲོད་རྐྱེན་ལམ་དུ་ཤོར་བའི་འདས་པོའི་ཁྱིམ་མི་གདན་ཞུས་ལྟར་བྱ་འགུལ་ལ་ཞུགས། རྗེས་དྲན་བྱ་འགུལ་སྟེང་འདས་པོ་རེ་རེའི་མིང་སྒྲོག་འདོན་བྱས་པར་མ་ཟད། སོ་སོར་མཆོད་རྟེན་ཟུང་ལ་འཇབ་རྒོལ་ཐེབས་ནས་རྡིབས་པའི་དུས་ཚོད་དང་ཟུར་ལྔའི་ཐོག་ཁང་ལ་འཇབ་རྒོལ་ཐེབས་པའི་དུས་ཚོད། ཨ་མེ་རི་ཁའི་མཁའ་འགྲུལ་ཀུང་ཟིའི་གནམ་གྲུ་གཏོང་ཐེངས་གོ་གསུམ་པ་པེན་ཞི་ཧྥ་ནེ་ཡཱ་ཀྲིག་ནས་སར་ལྷུང་བའི་དུས་ཚོད་བཅས་ལ་དམིགས་ནས་ཐེངས་དྲུག་ལ་མྱ་ངན་ཞུས། 
ཉིན་དེར་ཝ་ཧྲིན་ཐོན་ཉེ་འདབས་ཀྱི་ཨ་མེ་རི་ཁའི་རྒྱལ་སྲུང་པུའུ་ཡོད་སའི་ཟུར་ལྔའི་ཐོག་ཁང་ཆེན་མོའི་མདུན་ནས་རྗེས་དྲན་བྱ་འགུལ་སྤེལ་བའི་སྟེང་། ཟུར་ལྔའི་ཐོག་ཁང་གི་དགུ་བའི་བཅུ་གཅིག་གི་འཇབ་རྒོལ་ཁྲོད་ཀྱི་འདས་པོ་བརྒྱ་དང་གྱ་བཞིའི་མིང་སྒྲོག་འདོན་བྱས་པ་དང་། ཨ་མེ་རི་ཁའི་ཙུང་ཐུང་གཞོན་པ་ཕིན་སི་དང་རྒྱལ་སྲུང་བློན་ཆེན་མཱ་ཏིས་སི་གཉིས་ཀྱིས་སོ་སོར་ཞུ་ཚིག་ཕུལ། 
ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ཉིན་དེར་པེན་ཞི་ཧྥ་ནེ་ཡཱ་ཀྲིག་གི་ཧྲང་ཁི་སི་ཝེ་ཨར་དུ་སོང་ནས་རྗེས་དྲན་བྱ་འགུལ་ལ་ཞུགས། ལོ་བཅུ་བདུན་གྱི་ཡར་སྔོན་འཇབ་རྒོལ་ཁྲོད་བཙན་ཁྲིད་བྱས་པའི་ཨ་མེ་རི་ཁའི་མཁའ་འགྲུལ་ཀུང་ཟིའི་གནམ་གྲུ་གཏོང་ཐེངས་གོ་གསུམ་པ་ཧྲང་ཁི་སི་ཝེ་ཨར་ནས་སར་ལྷུང་བ་དང་། གནམ་གྲུའི་སྟེང་གི་འགྲུལ་བ་དང་གནམ་གྲུའི་ལས་བྱེད་མི་སྣ་བཞི་བཅུ་རྐྱེན་ལམ་དུ་ཤོར། དེའི་རྗེས་སུ་རྟོག་ཞིབ་བྱས་པ་ལས་འཇིགས་སྐུལ་ཉེས་ཅན་གྱིས་གནམ་གྲུ་དེ་བཙན་ཁྲིད་བྱས་ཏེ་ཝ་ཧྲོན་ཐོན་དུ་འཇབ་རྒོལ་བྱེད་རྩིས་ཡོད་ཀྱང་། གནམ་གྲུའི་སྟེང་གི་མིས་བཀག་འགོག་བྱས་པ་རེད། 
མང་ཚོགས་བརྒྱ་ཕྲག་འགའ་རྗེས་དྲན་བྱ་འགུལ་དེར་ཞུགས་པ་དང་། གནས་དེར་རྐྱེན་ལམ་དུ་ཤོར་བའི་འདས་པོ་བཞི་བཅུའི་མིང་སྒྲོག་འདོན་བྱས། ཐི་ལིང་ཕུའུ་ཡིས་གཏམ་བཤད་སྤེལ་ཏེ་མི་བཞི་བཅུ་བོ་དེའི་དཔའ་མཛངས་ཀྱི་བྱ་སྤྱོད་ལ་གཟེངས་བསྟོད་བྱས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།