ཀྲུང་གོ་བོད་ཀྱི་དྲ་བ།

སུའུ་ཏན་ཙུང་ཐུང་གིས་སྲིད་གཞུང་གཏོར་རྒྱུ་ཁྱབ་སྒྲོག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-09-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སུའུ་ཏན་གྱི་ཙུང་ཐུང་པཱ་ཞེ་ཨར་གྱིས་ཚེས་དགུ་ཉིན་གྱི་དགོང་མོར་སྲིད་འཛིན་ཏང་རྒྱལ་ཡོངས་ཚོགས་ཆེན་ཏང་གི་བྲེལ་མྱུར་གྲོས་ཚོགས་བསྡུས་ཏེ། མི་རིགས་མཐུན་སྒྲིལ་གྱི་སྲིད་གཞུང་གཏོར་ནས་ནེ་ཀི་བསྐྱར་འཛུགས་བྱས་ཏེ། མིག་སྔར་རྒྱལ་ཁབ་ཀྱི་མདུན་དུ་ལྷགས་པའི་དཔལ་འབྱོར་དཀའ་ཁག་ཐག་གཅོད་བྱེད་རྒྱུ་ཡིན་ཟེར། 

རྒྱལ་ཡོངས་ཚོགས་ཆེན་ཏང་གི་ཀྲུའུ་ཞི་གཞོན་པ་དབྱེ་པུའུ་ལཱ་ཞིན་གྱིས་གསར་འགྱུར་ལས་རིགས་ལ་བསྟན་དོན། ནེ་ཀི་གསར་བ་དེ་ཚེས་བཅུ་ཉིན་གྱི་དགོང་མོར་རྩ་འཛུགས་བྱེད་རྒྱུ་ཡིན་པ་དང་། སྲིད་གཞུང་སྡེ་ཁག་གི་ཁ་གྲངས་དེ་སོ་གཅིག་ནས་ཉེར་གཅིག་ཏུ་ཇེ་ཉུང་ལ་གཏོང་རྒྱུ་ཡིན། མུའུ་ཐཱ་ཙི་མུའུ་སཱ་ཙུང་ལི་གསར་བར་བསྐོ་འཇོག་བྱེད་རྒྱུ་ཡིན་པ་དང་། ཙུང་ཐུང་གཞོན་པ་དང་པོ་དང་ཙུང་ལིའི་འགན་གཅིག་ལྕོགས་སུ་ཁུར་མཁན་པཱ་ཁི་ལི་ཡིས་ཙུང་ལིའི་འགན་ཁུར་རྒྱུ་མིན་ཡང་། ཙུང་ཐུང་གཞོན་པ་དང་པོའི་ལས་འགན་སོར་འཇོག་བྱེད་རྒྱུ་རེད། དེ་ལས་གཞན་ཕྱི་འབྲེལ་དང་རྒྱལ་སྲུང་སོགས་སྲིད་གཞུང་གི་སྡེ་ཁག་གཙོ་བོ་དག་གི་མགོ་ཁྲིད་པ་སོར་འཇོག་བྱེད་རྒྱུ་ཡིན་ཟེར། 

པཱ་ཞེ་ཨར་གྱིས་བཤད་རྒྱུར། སྲིད་གཞུང་གཏོར་བ་དང་སྲིད་གཞུང་སྡེ་ཁག་གི་ཁ་གྲངས་ཇེ་ཉུང་དུ་བཏང་བའི་དམིགས་ཡུལ་ནི་སྤྱི་བའི་འགྲོ་སོང་ཇེ་ཉུང་དུ་གཏོང་བ་དང་། སྲིད་གཞུང་གི་ཕན་ནུས་ཇེ་མཐོར་སོང་ནས། རྒྱལ་ཁབ་ཀྱི་མིག་སྔའི་གནས་བབ་ཀྱི་དགོས་མཁོ་དང་མང་ཚོགས་ཀྱི་རེ་བ་བསྐང་བའི་ཆེད་ཡིན་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།