ཀྲུང་གོ་བོད་ཀྱི་དྲ་བ།

ཕུའུ་ཅིན་གྱིས་ཨུ་རུ་སི་དང་འཇར་པན་གྱི་འབྲེལ་བ་རིམ་བཞིན་འཕེལ་རྒྱས་སུ་འགྲོ་བཞིན་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-09-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཚེས་བཅུ་ཉིན་ཨུ་རུ་སིའི་ཡོན་ཏུང་ས་ཁུལ་གྱི་ཧྥུའུ་ལཱ་ཏིས་བོ་སི་ཐའོ་ཁི་གྲོང་ཁྱེར་ནས་འཚམས་འདྲིར་ཡོང་བའི་འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨན་པའེ་ཅིན་སན་ལ་ཐུག་འཕྲད་བྱེད་སྐབས་བསྟན་དོན། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་སུ་འགྲོ་བཞིན་ཡོད་ཟེར། 

ཕུའུ་ཅིན་གྱིས་བཤད་རྒྱུར། མི་གཞུང་ཁྱབ་ཁོངས་སུ་ཨུ་རུ་སི་དང་འཇར་པན་ཕྱོགསག་གཉིས་ཀྱིས་ཕན་ཚུན་བར་ཨུ་རུ་སིའི་ལོ་དང་འཇར་པན་གྱི་ལོ་ཞེས་པའི་བྱ་འགུལ་སྤེལ་བཞིན་ཡོད། དེ་ནི་སྔ་ན་མེད་པའི་དོན་ཞིག་ཡིན། ཨུ་རུ་སི་དང་འཇར་པན་ཕྱོགས་ཀྱིས་དམག་དོན་ཁྱབ་ཁོངས་ཀྱི་རོགས་ལས་འབྲེལ་བར་ཡང་འཕེལ་རྒྱས་བྱུང་ཡོད་ཟེར། 

ཕྱོགས་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་མཉམ་ལས་གླེང་སྐབས་ཕུའུ་ཅིན་གྱིས་བཤད་རྒྱུར། ད་ལོའི་སྔོན་གྱི་ཟླ་ངོ་དྲུག་གི་ནང་། ཨུ་རུ་སི་དང་འཇར་པན་ཕྱོགས་གཉིས་ཀྱི་ཉོ་ཚོང་འབོར་གྲངས་ན་ནིང་གི་དུས་མཉམ་ལས་བརྒྱ་ཆའི་ཉི་ཤུ་འཕར་ཡོད་པ་དང་། དེའི་ནང་ཨུ་རུ་སི་ཡིས་འཇར་པན་ལ་ཕྱིར་གཏོང་བྱས་པའི་འཕྲུལ་ཆས་བཟོ་སྐྲུན་ཐོན་རྫས་ཀྱི་འབོར་གྲངས་དུས་མཉམ་ལས་བརྒྱ་ཆའི་དགུ་བཅུ་འཕར་ཡོད། ཨུ་རུ་སི་ཡིས་འཇར་པན་ལ་ཕྱིར་གཏོང་བྱས་པའི་འཁེལ་འཐག་ཐོན་རྫས་ཀྱི་འབོར་གྲངས་བརྒྱ་ཆའི་བཅུ་བཞི་འཕར་ཡོད་ཟེར། 

ཨན་པའེ་ཅིན་སན་གྱིས་བསྟན་དོན། དཔལ་འབྱོར་ཉོ་ཚོང་མཉམ་ལས་གནད་དོན་ལས་གཞན། ཕྱོགས་གཉིས་ཀྱིས་ད་རུང་ཨུ་རུ་སི་དང་འཇར་པན་གྱིས་ཞི་བདེའི་ཆིངས་ཡིག་འགོད་པའི་གནད་དོན་ལའང་གྲོས་བསྡུར་བྱས་ཟེར། 

ཨན་པའེ་ཅིན་སན་གྱི་ཐེངས་འདིའི་འགྲུལ་བཞུད་ཀྱི་དམིགས་ཡུལ་ནི་ཧྥུའུ་ལཱ་ཏིས་བོ་སི་ཐའོ་ཁི་ནས་སྤེལ་བཞིན་པའི་ཤར་ཕྱོགས་དཔལ་འབྱོར་གླེང་སྟེགས་ལ་ཞུགས་པའི་ཆེད་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།