ཀྲུང་གོ་བོད་ཀྱི་དྲ་བ།

ཨ་མེ་རི་ཁས་ཕཱ་ལེ་སི་ཐན་བཅིངས་འགྲོལ་རྩ་འཛུགས་ཀྱི་ཝ་ཧྲིན་ཐོན་དུ་སྡོད་པའི་དོན་གཅོད་ཁང་གི་སྒོ་བརྒྱག་རྒྱུའི་ཐག་བཅད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-09-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཚེས་བཅུ་ཉིན་བཤད་རྒྱུར། ཨ་མེ་རི་ཁའི་སྲིད་གཞུང་གིས་ཕཱ་ལེ་སི་ཐན་བཅིངས་འགྲོལ་རྩ་འཛུགས་ཀྱི་ཝ་ཧྲིན་ཐོན་དུ་སྡོད་པའི་དོན་གཅོད་ཁང་གི་སྒོ་བརྒྱག་རྒྱུ་ཐག་བཅད་ཟེར། 

ཨ་མེ་རི་ཁའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མགྲིན་ཚབ་པ་ནོའུ་ཨར་ཐི་ཡིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། ཕཱ་ལེ་སི་ཐན་བཅིངས་འགྲོལ་རྩ་འཛུགས་ཀྱི་ཝ་ཧྲིན་ཐོན་དུ་སྡོད་པའི་དོན་གཅོད་ཁང་གིས་ན་ནིང་ཨ་མེ་རི་ཁ་ནས་འགུལ་སྐྱོད་བྱེད་པའི་དབང་ཆ་ཤོར། ཨ་མེ་རི་ཁས་དོན་གཅོད་ཁང་དེས་ཕྱིན་ཆད་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་ཡུན་རིང་ཞི་བདེ་མངོན་འགྱུར་བྱེད་པར་ཕན་པའི་བྱ་འགུལ་སྤེལ་བར་ཆོག་མཆན་བཀོད་ཡོད་ཀྱང་། ཕཱ་ལེ་སི་ཐན་བཅིངས་འགྲོལ་རྩ་འཛུགས་ཀྱིས་བྱེད་ཐབས་སྤྱད་དེ་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱིས་དོན་སྙིང་ལྡན་པའི་ཐད་ཀར་གྲོས་མོལ་བྱེད་པར་སྐུལ་འདེད་མི་གཏོང་བར་དེ་ལས་ལྡོག་སྟེ། ཕཱ་ལེ་སི་ཐན་བཅིངས་འགྲོལ་རྩ་འཛུགས་ཀྱི་མགོ་ཁྲིད་རིམ་པས་ཨ་མེ་རི་ཁས་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་ཞི་བདེ་འཆར་གཞི་མ་བཏོན་པར་རྒོལ་གཏམ་བཏང་བར་མ་ཟད། ཨ་མེ་རི་ཁའི་སྲིད་གཞུང་བར་འབྲེལ་ཡོད་བྱ་བའི་ཐད་ནས་གྲོས་མོལ་བྱེད་པར་ཁས་ལེན་མ་བྱས། དེ་ལས་གཞན་ཕཱ་ལེ་སི་ཐན་ཕྱོགས་ཀྱིས་ད་རུང་རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་གིས་དབྱི་སི་རལ་ལ་རྟོག་ཞིབ་བྱེད་པར་ཡར་སྐུལ་གཏོང་རྩིས་བྱས་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། གོང་གི་རྒྱུ་རྐྱེན་དེ་དག་དབང་གིས་ཨ་མེ་རི་ཁའི་སྲིད་གཞུང་གིས་ཕཱ་ལེ་སི་ཐན་བཅིངས་འགྲོལ་རྩ་འཛུགས་ཀྱི་ཝ་ཧྲིན་ཐོན་དུ་སྡོད་པའི་དོན་གཅོད་ཁང་གི་སྒོ་བརྒྱག་རྒྱུ་ཐག་བཅད་པ་ཡིན། ཡིན་ཡང་ཨ་མེ་རི་ཁས་བལྟས་ན། ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་ཐད་ཀར་གྲོས་མོལ་ནི་གནད་དོན་ཐག་གཅོད་བྱེད་པའི་བྱེད་ཐབས་ཉག་ཅིག་ཡིན་པར་བསམ་ཡོད་པ་དང་། ཨ་མེ་རི་ཁས་ཕཱ་ལེ་སི་ཐན་དབྱི་སི་རལ་གྱི་ཞི་བདེ་མངོན་འགྱུར་བྱེད་པར་སྐུལ་འདེད་གཏོང་བའི་ཐད་ཀྱི་བརྩོན་པ་བསྐྱུར་མི་སྲིད་ཟེར། 

ཨ་མེ་རི་ཁས་ཆོད་དོན་དེ་ཁྱབ་སྒྲོག་མ་བྱས་གོང་ཕཱ་ལེ་སི་ཐན་ཕྱོགས་ལ་བརྡ་བཏང་བར་ཕཱ་ལེ་སི་ཐན་ཕྱོགས་ཀྱིས་དེར་རྒོལ་གཏམ་བཏང་། ཕཱ་ལེ་སི་ཐན་བཅིངས་འགྲོལ་རྩ་འཛུགས་ལག་བསྟར་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོ་ཨེ་ལོས་ཁཱ་ཐི་ཡིས་ཚེས་བཅུ་ཉིན་གསལ་སྒྲོག་སྤེལ་ཏེ། ཨ་མེ་རི་ཁས་ཕཱ་ལེ་སི་ཐན་བཅིངས་འགྲོལ་རྩ་འཛུགས་ཀྱི་དོན་གཅོད་ཁང་གི་སྒོ་བརྒྱབ་པ་དང་། ཕཱ་ལེ་སི་ཐན་མི་དམངས་ཀྱི་རོགས་སྐྱོར་མ་དངུལ་སྟེར་མཚམས་བཞག་པ་སོགས་ཀྱི་ཆོད་དོན་རབ་དང་རིམ་པས་ཕཱ་ལེ་སི་ཐན་མི་དམངས་ཀྱིས་མུ་མཐུད་དུ་བཅའ་ཁྲིམས་དང་ཆབ་སྲིད་ཀྱི་ཐབས་ལ་བརྟེན་ནས་རང་གི་ཁེ་ཕན་སྲུང་སྐྱོབ་བྱེད་པའི་འདོད་འདུན་ལ་གཡོ་འགུལ་གཏོང་མི་སྲིད། ཕཱ་ལེ་སི་ཐན་ཕྱོགས་ཀྱིས་མུ་མཐུད་དུ་རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་ནས་དྲང་བདེན་འཚོལ་ཞིབ་བྱེད་པའི་བྱ་འགུལ་སྤེལ་ནས། དབྱི་སི་རལ་གྱི་ཉེས་སྤྱོད་ཐད་ནས་ཉེས་དོན་རྟོག་ཞིབ་བྱེད་པར་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།