ཀྲུང་གོ་བོད་ཀྱི་དྲ་བ།

ཕུའུ་ཅིན་གྱིས་ཨུ་རུ་སིའི་ཡོན་ཏུང་ས་ཁུལ་གྱི་སྤྱི་ཚོགས་དང་དཔལ་འབྱོར་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་དགོས་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-09-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཚེས་བཅུ་ཉིན་ཨུ་རུ་སིའི་ཡོན་ཏུང་གི་ཧྥུའུ་ལཱ་ཏིས་བོ་སི་ཐའོ་ཁི་གྲོང་ཁྱེར་ནས་བཤད་རྒྱུར། ཨུ་རུ་སིའི་ཡོན་ཏུང་ས་ཁུལ་གྱི་སྤྱི་ཚོགས་དང་དཔལ་འབྱོར་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་དགོས་ཟེར། 

ཕུའུ་ཅིན་གྱིས་ཉིན་དེར་ཧྥུའུ་ལཱ་ཏིས་བོ་སི་ཐའོ་ཁི་ནས་བསྡུས་པའི་རྒྱལ་སྲིད་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་སྟེང་བསྟན་དོན། ཨུ་རུ་སིའི་ཡོན་ཏུང་ས་ཁུལ་གྱི་སྤྱི་ཚོགས་དང་དཔལ་འབྱོར་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་དགོས་ན། བྱ་བའི་འཕེལ་རྒྱས་གནས་ཚུལ་ལ་སྤྱི་བསྡོམས་བྱས་ཏེ་ཕྱིན་ཆད་ཀྱི་བྱ་བར་ཁ་ཕྱོགས་གསར་བ་གཏན་འཁེལ་བྱ་དགོས་ཟེར། 

བསྒྲགས་པ་ལྟར་ན། ཐེངས་འདིའི་གྲོས་ཚོགས་ནས་ཕུའུ་ཅིན་གྱིས་ཟླ་ལྔ་བར་བཀོད་པའི་ཙུང་ཐུང་གི་བཀའ་རྒྱ་དངོས་འབེབ་བྱེད་པ་དེ་བརྗོད་སྙིང་དུ་བཟུང་ཡོད། ཙུང་ཐུང་བཀའ་རྒྱ་དེ་ལས་ཉིས་སྟོང་ཉེར་བཞི་ལོའི་སྔོན་གྱི་ཨུ་རུ་སིའི་སྤྱི་ཚོགས་དང་དཔལ་འབྱོར། སློབ་གསོ། ཚན་རིག་སོགས་ཁྱབ་ཁོངས་ཀྱི་རྒྱལ་ཁབ་འཕེལ་རྒྱས་དམིགས་འབེན་དང་འཐབ་ཇུས་ལས་འགན་གཏན་འཁེལ་བྱས་ཡོད། 

ཕུའུ་ཅིན་གྱིས་གྲོས་ཚོགས་སྟེང་བཤད་རྒྱུར། ཕན་ནུས་ལྡན་པའི་སྒོ་ནས་རྒྱལ་ཁབ་ཀྱི་མ་དངུལ་བེད་སྤྱོད་བྱས་ནས། ཡོན་ཏུང་ས་ཁུལ་གྱི་དཔལ་འབྱོར་འཕར་སྣོན་ལྟེ་གནས་མང་བོའི་རྨང་གཞིའི་སྒྲིག་ཆས་འཕེལ་རྒྱས་སུ་གཏོང་དགོས་ཟེར། ཁོས་བཤད་རྒྱུར། ཡོན་ཏུང་ས་ཁུལ་དུ་མིག་སྔར་དཔལ་འབྱོར་འཕར་སྣོན་ལྟེ་གནས་འགའ་བཙུགས་ཡོད་ཟེར། 

ཕུའུ་ཅིན་གྱིས་ད་རུང་བསྟན་དོན། བྱེད་ཐབས་སྤྱད་དེ་ཡོན་ཏུང་ས་ཁུལ་གྱི་སྡོད་དམངས་དག་གི་ཚེ་ཐག་ཇེ་རིང་དུ་གཏོང་བ་དང་ཤི་ཚད་ཇེ་དམའ་རུ་གཏོང་རྒྱུ་མ་ཟད། སྡོད་དམངས་ཀྱི་མི་གྲངས་ཁ་སྣོན་བྱེད་རྒྱུ་ཡིན་ཟེར། ཁོས་བཤད་རྒྱུར། ན་ནིང་ཡོན་ཏུང་ས་ཁུལ་ནས་ཕྱིར་སོང་བའི་མི་ཁྲི་གཅིག་དང་སྟོང་བདུན་ཡོད་པ་དང་། ས་ཁུལ་དེའི་སྡོད་དམངས་ཀྱི་ཁ་གྲངས་གཏན་འཇགས་ངང་འཕར་བ་ནི་མིག་སྔའི་ལས་འགན་གལ་ཆེན་ཞིག་རེད་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།