ཀྲུང་གོ་བོད་ཀྱི་དྲ་བ།

ཧན་གོ་ཕྱོགས་ཀྱིས་ཧན་གོ་དང་ཁྲའོ་ཞན་གྱིས་ཕེན་རང་འགོ་གཙོའི་ཐུག་འཕྲད་ཀྱི་དུས་ཚོད་དང་གྲོས་གཞི་གཏན་ལ་ཕབ་ཡོད་ཅེས་བཤད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-09-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཧན་གོའི་ཙུང་ཐུང་བཞུགས་ཤག་ཆིན་ཝ་ཐེ་ཡིས་ཚེས་དྲུག་ཉིན་བསྒྲགས་རྒྱུར། ཧན་གོའི་ཙུང་ཐུང་ཝུན་ཙེ་དབྱིན་གྱིས་མངགས་པའི་ཕོ་ཉ་ཚོགས་པས་ཁྲའོ་ཞན་ལ་འཚམས་འདྲི་བྱེད་པའི་སྐབས་སུ། ཟླ་འདིའི་ཚེས་བཅོ་བརྒྱད་ཉིན་ནས་ཚེས་ཉི་ཤུ་ཉིན་བར་ཁྲའོ་ཞན་གྱི་རྒྱལ་ས་ཕེན་རང་ནས་ཧན་གོ་དང་ཁྲའོ་ཞན་གྱི་འགོ་གཙོའི་ཐུག་འཕྲད་སྤེལ་བའི་ཐད་ནས་ཁྲའོ་ཞན་བར་དུ་ལྟ་ཚུལ་གཅིག་མཐུན་བྱུང་ཡོད་ཟེར།

ཧན་གོའི་ཕོ་ཉ་ཚོགས་པས་ཚེས་ལྔ་ཉིན་ཁྲའོ་ཞན་ལ་འཚམས་འདྲི་བྱས། ཕོ་ཉ་ཚོགས་པའི་དབུ་བཞུགས་ཕོ་ཉ། ཆིན་ཝ་ཐེ་རྒྱལ་ཁབ་བདེ་སྲུང་ཁང་གི་འགོ་གཙོ་ཀྲིན་དབྱི་རུང་གིས་ཚེས་དྲུག་ཉིན་ཆིན་ཝ་ཐེ་ནས་གསར་འགོད་པའི་ཚོགས་འདུ་བསྡུས་ཏེ་ཁྲའོ་ཞན་ལ་འཚམས་འདྲི་བྱས་པའི་གྲུབ་འབྲས་མཚམས་སྦྱོར་བྱས།

ཀྲིན་དབྱི་རུང་གིས་བཤད་རྒྱུར། ཐེངས་འདིའི་ཧན་གོ་དང་ཁྲའོ་ཞན་གྱི་འགོ་གཙོའི་ཐུག་འཕྲད་ལས་པན་མིན་ཏེན་བསྒྲགས་གཏམ་ལག་བསྟར་བྱས་པའི་གྲུབ་འབྲས་སྤྱི་སྡོམ་བྱེད་རྒྱུ་མ་ཟད་རྗེས་ཕྱོགས་ཀྱི་སྐུལ་སྤེལ་ཁ་ཕྱོགས་ལ་གྲོས་སྡུར་བྱེད་རྒྱུ་ཡིན་པ་དང་། ཁྲའོ་ཞན་ཕྱེད་གླིང་དུས་གཏན་དུ་ཞི་བདེ་དང་ཐུན་མོང་དར་རྒྱས་ཡོང་བར་བྱེད་པ་སོགས་ཀྱི་གནད་དོན་ལ་གྲོས་སྡུར་བྱེད་རྒྱུ་ཡིན་ཞིང་། ལྷག་པར་དུ་ཕྱེད་གླིང་གི་ཉིང་རྡུལ་མཚོན་ཆ་མེད་པར་གཏོང་བའི་ལག་ལེན་བྱེད་ཐབས་ལ་གྲོས་སྡུར་བྱེད་རྒྱུ་རེད། ཐུག་འཕྲད་ཀྱི་གྲ་སྒྲིག་བྱ་བ་བཟང་པོར་བསྒྲུབ་ཆེད། ཧན་གོ་དང་ཁྲའོ་ཞན་གཉིས་ཀྱིས་གཟའ་འཁོར་རྗེས་མའི་འགོར་པན་མིན་ཏེན་ནས་མཐོ་རིམ་དངོས་གཉེར་གྲོས་ཚོགས་བསྡུས་ཏེ། འགོ་གཙོའི་ཐུག་འཕྲད་དང་འབྲེལ་བའི་མགྲོན་བཀུར་དང་། བདེ་སྲུང་། འཕྲིན་གཏོང་། གསར་འགྱུར་སྒྲོག་སྤེལ་སོགས་ཕྱོགས་ཀྱི་གནད་དོན་ལ་གྲོས་སྡུར་བྱེད་རྒྱུ་ཡིན་ཟེར།

ཀྲིན་དབྱི་རུང་གིས་བཤད་རྒྱུར། ཕོ་ཉ་ཚོགས་པས་ཁྲའོ་ཞན་ལ་འཚམས་འདྲི་བྱེད་པའི་སྐབས་སུ་ཁྲའོ་ཞན་རྒྱལ་སྲིད་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཅིན་ཀྲིན་ཨིན་ལ་ཧན་གོའི་ཙུང་ཐུང་ཝུན་ཙེ་དབྱིན་གྱིས་བསྐུར་བའི་ཕྱག་བྲིས་བརྒྱུད་སྤྲོད་བྱས་པ་ཡིན་ལ། ཕྱོགས་གཉིས་ཀྱིས་ཧན་གོ་དང་ཁྲའོ་ཞན་གྱི་འབྲེལ་བའི་ཁྲོད་ཉེན་ཁ་ཆེ་ཞིང་ཐག་བཅད་མེད་པའི་གནད་དོན་ཐད་ནས་གྲོས་མོལ་ཟབ་མོ་བྱས་པ་ཡིན། ཅིན་ཀྲིན་ཨིན་གྱིས་ཕྱེད་གླིང་དུ་ཉིང་རྡུལ་མཚོན་ཆ་མེད་པར་གཏོང་བའི་འདོད་བློ་བརྟན་པོ་ཡང་བསྐྱར་བསྟན་པར་མ་ཟད། དེའི་ཐད་ནས་ཁྲའོ་ཞན་དང་ཧན་གོའི་བར་དང་། ཁྲའོ་ཞན་དང་ཨ་མེ་རི་ཁའི་བར་དུ་མཉམ་ལས་དམ་པོ་བྱེད་འདོད་ཡོད་ཅེས་བསྟན་སོང་ཟེར། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།