ཀྲུང་གོ་བོད་ཀྱི་དྲ་བ།

ཐི་ལང་ཕུའུ་ཡིས་བདེ་འཇགས་ལས་འཛིན་ལྷན་ཚོགས་ལ་འགོ་འཛིན་བྱས་ཏེ་དབྱི་ལིང་རྒྱལ་སྤྱིའི་བཅའ་ཁྲིམས་དང་འགལ་བའི་སྐོར་གྱི་གྲོས་གཞི་ལ་གྲོས་སྡུར་བྱེད་རྒྱུ་རེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-09-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་དུ་སྡོད་པའི་ཨ་མེ་རི་ཁའི་འཐུས་མི་ཉི་ཅི་ཧེ་ལེ་ཡིས་ཚེས་བཞི་ཉིན་བཤད་རྒྱུར། ཨ་མེ་རི་ཁའི་ཙུང་ཐུང་ཐི་ལང་ཕུའུ་ཡིས་ཟླ་འདིའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྐབས་སུ་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་ལ་འགོ་འཛིན་བྱས་ནས། དབྱི་ལིང་རྒྱལ་སྤྱིའི་བཅའ་ཁྲིམས་དང་འགལ་བའི་གྲོས་གཞི་ལ་གྲོས་སྡུར་བྱེད་རྒྱུ་རེད་ཟེར།

ཨ་མེ་རི་ཁ་ནི་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཟླ་འདིའི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་རེད། ཧེ་ལེ་ཡིས་ཉིན་དེར་གསར་འགོད་པར་བཤད་རྒྱུར། གྲོས་ཚོགས་དེའི་ནང་དུ་དབྱི་ལིང་རྒྱལ་སྤྱིའི་བཅའ་ཁྲིམས་དང་འགལ་བའི་བྱ་སྤྱོད་ཀྱིས་དབུས་ཤར་ས་ཁུལ་ཡོངས་གཏན་འཇགས་མིན་པར་བཟོས་པར་གྲོས་སྡུར་བྱེད་རྒྱུ་རེད། ཙུང་ཐུང་ཐི་ལང་ཕུའུ་ངེས་པར་དུ་དབྱི་ལང་ལ་རྒྱལ་སྤྱིའི་སྒྲིག་སྲོལ་བརྩི་སྲུང་བྱེད་དུ་འཇུག་པར་ཡིད་ཆེས་བརྟན་པོས་ཁེངས་ཡོད་ཟེར།

ཧེ་ལེ་ཡིས་དབྱི་ལིང་གིས་འཇིགས་སྐུལ་རིང་ལུགས་ལ་རྒྱབ་སྐྱོར་བྱས་ནས། ལེ་པ་ནུན་དང་ཡེ་མིན། སི་རི་ཡ་བཅས་ཀྱི་གནས་བབ་ཟིང་ཟིང་དུ་བཏང་བ་དང་། བྱེད་ཐབས་དེ་དག་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིའ་བྲེལ་ཡོད་གྲོས་ཆོད་དང་འགལ་ཡོད་པར་མ་ཟད། ས་ཁུལ་ལ་འཇིགས་སྣང་བཟོས་པས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་གྲོས་སྡུར་བྱེད་དགོས་པའི་དོན་དག་ཏུ་གྱུར་ཡོད་ཞེས་བཤད།

ལུའུ་ཐི་གསར་འགྱུར་ཁང་གིས་བསྒྲགས་པའི་གསར་འགྱུར་ལྟར་ན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྐབས་སུ་དབྱི་ལིང་གི་ཙུང་ཐུང་ལུའུ་ཧ་ཉི་ཡིས་ཕལ་ཆེར་ཟླ་དགུ་པའི་ཚེས་ཉེར་ལྔ་ཉིན་གཏམ་བཤད་སྤེལ་སྲིད་ཟེར། ཧེ་ལེ་ཡིས་ཨ་མེ་རི་ཁས་ལུའུ་ཧ་ཉི་ཡིས་གཏམ་བཤད་སྤེལ་བར་ངོ་རྒོལ་མི་བྱེད་ཅེས་བཤད།

ཨུ་རུ་སི་ཕྱོགས་ཀྱིས་ཨ་མེ་རི་ཁའི་བྱེད་ཐབས་དེ་ཕྱོགས་ལྷུང་གི་དབང་དུ་སོང་ཡོད་པར་འདོད་ཡོད། མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་དུ་སྡོད་པའི་ཨུ་རུ་སིའི་འཐུས་མི་པོ་ལེ་དབྱང་སི་ཅི་ཡིས་བཤད་རྒྱུར། དབྱི་ལིང་དང་འབྲེལ་བའི་གྲོས་གཞིའི་ཐད་ནས་གྲོས་ཚོགས་ཀྱིས་དབྱི་ལིང་ཉིང་རྡུལ་གནད་དོན་གྱི་ཕྱོགས་ཡོངས་ཀྱི་གྲོས་ཆོད་དངོས་འབེབས་ཀྱི་གནས་ཚུལ་ལ་དོ་སྣང་བྱེད་འོས་ཟེར།

པོ་ལེ་དབྱང་སི་ཅི་ཡིས་བཤད་རྒྱུར། ཨུ་རུ་སི་ཡིས་གྲོས་ཚོགས་སྟེང་ཕྱོགས་སོ་སོས་ཨ་མེ་རི་ཁ་དབྱི་ལིང་ཉིང་རྡུལ་གྲོས་ཆོད་ལས་བུད་པའི་ཐད་ནས་རང་གི་ལྟ་བ་བཤད་རྒྱུའི་རེ་བ་བཅངས་ཡོད་ཟེར།

དབྱི་ལིང་གིས་ཉིས་སྟོང་བཅོ་ལྔ་ལོའི་ཟླ་བདུན་པར་ཨ་མེ་རི་ཁ་དང་དབྱིན་ཇི། ཧྥ་རན་སི། ཨུ་རུ་སི། ཀྲུང་གོ་དང་འཇར་མན་བཅས་བར་དུ་དབྱི་ལིང་ཉིང་རྡུལ་གྲོས་ཆོད་བཀོད་ནས། རང་གི་ཉིང་རྡུལ་འཆར་གཞི་ལ་ཚོད་འཛིན་བྱེད་རྒྱུའི་དམ་བཅས་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དབྱི་ལིང་ལ་བཀག་སྡོམ་བྱེད་མཚམས་བཞག ཐི་ལང་ཕུའུ་སྲིད་གཞུང་གིས་ད་ལོའི་ཟླ་ལྔ་པར་དབྱི་ལིང་ཉིང་རྡུལ་གྲོས་ཆོད་ལ་ཕྱིར་བུད་པ་ཁྱབ་བསྒྲགས་བྱས་པ་དང་། གྲོས་ཆོད་བཀོད་པའི་ཕྱོགས་གཞན་པ་དག་གིས་མུ་མཐུད་དུ་གྲོས་ཆོད་དེ་ལག་བསྟར་བྱེད་བཞིན་ཡོད།

ཨ་མེ་རི་ཁས་ཟླ་བརྒྱད་པའི་ཚེས་བདུན་ཉིན་ཡང་བསྐྱར་དབྱི་ལིང་ལ་ནུས་ཁུངས་མིན་པའི་ཁྱབ་ཁོངས་ནས་བཀག་སྡོམ་བྱས་པ་དང་། ཟླ་བཅུ་གཅིག་པའི་ཚེས་ལྔ་ཉིན་དབྱི་ལིང་ལ་ནུས་ཁུངས་དང་ཀྲུང་དབྱང་དངུལ་ཁང་གི་ཕྱི་ཕྱོགས་ཉོ་འཚོང་སོགས་ཁྱབ་ཁོངས་ནས་ཡང་བསྐྱར་བཀག་སྡོམ་བྱེད་རྒྱུ་རེད། ཨ་མེ་རི་ཁས་རྒྱལ་ཁབ་གཞན་དག་གིས་ཀྱང་ཟླ་བཅུ་གཅིག་པའི་ཚེས་ལྔ་ཉིན་གྱི་སྔོན་ལ་དབྱི་ལིང་ནས་མ་བཅོས་རྡོ་སྣུམ་ཉོ་མཚམས་འཇོག་དགོས་པའི་རེ་བ་བཏོན་པ་དང་། དེ་མིན་ཚེ་ཞོར་འབྲེལ་གྱི་བཀག་སྡོམ་བྱེད་རྒྱུ་ཡིན་ཞེས་བཤད། འཇར་པན་གསར་འགྱུར་ལས་ཁུངས་ཀྱིས་གཟའ་འཁོར་འདིའི་ཅུང་སྔ་བའི་དུས་སུ་བསྒྲགས་རྒྱུར། འཇར་པན་དབྱི་ལིང་ནས་མ་བཅོས་རྡོ་སྣུམ་ཉོ་མཚམས་འཇོག་རྒྱུར་འཐད་པ་བྱུང་ཡོད་ཟེར།  །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།