ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་སྤྱིའི་སྤྱི་ཚོགས་ནས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཨ་ཧྥེ་རི་ཁ་གླིང་བར་གྱི་མཉམ་ལས་གླེང་སྟེགས་ཀྱི་པེ་ཅིང་དབུ་ཚོགས་ཀྱི་འགོ་ཚུགས་མཛད་སྒོའི་ཐོག་གནང་བའི་བརྗོད་བྱ་གཙོ་བོའི་གསུང་བཤད་ལ་གདེང་འཇོག་གང་ལེགས་བྱེད་པ།

ཡོང་ཁུངས། : ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།     སྤེལ་དུས། : 2018-09-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྤྱིའི་སྤྱི་ཚོགས་ནས་ཀྲུང་གོ་དང་ཨ་ཧྥེ་རི་ཁ་གླིང་བར་གྱི་མཉམ་ལས་གླེང་སྟེགས་ཀྱི་པེ་ཅིང་དབུ་ཚོགས་ལ་ཚད་མཐོའི་དོ་ཁུར་བྱེད་པ་དང་། རྒྱལ་ཁབ་མང་པོའི་མི་སྣས་ཀྲུའུ་ཞི་ཞི་ཅིན་ཕིང་གི་བརྗོད་དོན་གཙོ་བོའི་གསུང་བཤད་ལ་གདེང་འཇོག་གང་ལེགས་བྱེད་པ་དང་། གསུང་བཤད་ཀྱིས་ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་དང་ཀྲུང་གོས་ལག་གདང་སྦྲེལ་ནས་དེ་བས་དམ་ཟབ་ཀྱི་ཀྲུང་གོ་དང་ཨ་ཧྥེ་རི་ཁ་གླིང་གི་ལས་དབང་གཅིག་མཐུན་མ་ལག་བསྐྲུན་རྒྱུའི་ཐད་ཁ་ཕྱོགས་གསལ་སྟོན་བྱས་ཡོད་པའི་ངོས་འཛིན་བྱེད་ཀྱི་ཡོད།

ཨ་ཧྥེ་རི་ཁ་གླིང་རྒྱལ་ཁབ་ཀྱི་སྨྱན་སྦྱོར་ལས་རིགས་གཙོ་བོས་ཀྲུང་གོ་དང་ཨ་ཧྥེ་རི་ཁ་གླིང་གི་མཉམ་ལས་གླེང་སྟེགས་ཀྱི་པེ་ཅིང་དབུ་ཚོགས་སྐོང་ཚོགས་བྱས་པར་ཚད་མཐོའི་དོ་ཁུར་བྱེད་ཀྱི་ཡོད།

ཁེན་ནི་ཡའི་རྒྱལ་ཁབ་བརྙན་འཕྲིན་ལས་ཁུངས་སོགས་བརྙན་འཕྲིན་སྨྱན་སྦྱོར་གྱིས་ཐེངས་འདིའི་དབུ་ཚོགས་ཀྱི་འགོ་ཚུགས་མཛད་སྒོ་ཐད་གཏོང་བྱས་ཡོད། 

ཁེན་ནི་ཡའི་ཚགས་པར་གཙོ་བོ་སྐར་མའི་ཚགས་པར་ཞེས་པའི་ཐོག་གནས་ཚུལ་སྤེལ་ནས། ཀྲུང་གོ་དང་ཨ་ཧྥེ་རི་ཁ་གླིང་བར་གྱི་མཉམ་ལས་གླེང་སྟེགས་ཀྱི་པེ་ཅིང་དབུ་ཚོགས་རིང་། ཨ་ཧྥེ་རི་ཁ་གླིང་རྒྱལ་ཁབ་མང་པོའི་འགོ་ཁྲིད་མི་སྣ་དང་ཀྲུང་གོའི་འགོ་ཁྲིད་མི་སྣ་མཉམ་དུ་འཛོམས་གནང་ནས། ཀྲུང་གོ་དང་ཨ་ཧྥེ་རི་ཁ་གླིང་རྒྱལ་ཁབ་བར་གྱི་དཔལ་འབྱོར་དང་ཉོ་ཚོང་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུ། ཀྲུང་གོའི་རྒྱུད་གཅིག་ལམ་གཅིག་གི་གྲོས་འགོ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ལོ་༢༠༣༠ལོའི་གོང་འཕེལ་གྲོས་རིམ། ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་གྱི་སྤྱི་ལོ་༢༠༦༣ལོའི་གྲོས་རིམ། དེ་བཞིན་ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་ཁག་གི་གོང་འཕེལ་འཐབ་ཇུས་བཅས་འབྲེལ་མཐུད་བྱ་རྒྱུ་འཚོལ་ཞིབ་བྱ་རྒྱུ་ཡིན། ཀྲུང་གོ་དང་ཨ་ཧྥེ་རི་ཁ་གླིང་གི་འབྲེལ་བའི་མདུན་ལྗོངས་ནི་གཉིས་ཕན་མཉམ་ལས་བྱེད་པ་བརྒྱུད་ཐུན་མོང་གི་དར་རྒྱས་མངོན་འགྱུར་ཐུབ་རྒྱུ་དང་། ཀྲུང་གོ་དང་ཨ་ཧྥེ་རི་ཁ་གླིང་གི་ལས་དབང་གཅིག་མཐུན་མ་ལག་བསྐྲུན་རྒྱུ་དེ་ཡིན་ཞེས་འཁོད་ཡོད།

ལི་པི་རི་ཡའི་ཚགས་པར་ཆེ་ཤོས་ལྟ་ཞིབ་པའི་ཉིན་རེའི་ཚགས་པར་ཐོག་དཔལ་འབྱོར་མཉམ་ལས་ཀྱི་གོ་སྐབས་གཏིང་ཟབ་ཏུ་གཏོང་རྒྱུས་བརྗོད་བྱ་གཙོ་བོ་བྱས་པའི་གནས་ཚུལ་སྤེལ་བའི་ནང་། ཀྲུང་གོ་དང་ཨ་ཧྥེ་རི་ཁ་གླིང་མཉམ་ལས་གླེང་སྟེགས་ཀྱང་གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་བར་གྱི་མཉམ་ལས་ཀྱི་ཆ་ཤས་ཤིག་ཡིན། དེའི་དམིགས་ཡུལ་ནི་གྲོས་མོལ་ལ་ཤུགས་སྣོན་དང་མཉམ་ལས་རྒྱ་བསྐྱེད། འདྲ་མཉམ་གཉིས་ཕན་བཅས་ལ་དམིགས་པ་ཞིག་དང་། དུས་མཚུངས་ཆབ་སྲིད་ཀྱི་སྐད་ཆ་ཤོད་རེས་དང་དཔལ་འབྱོར་མཉམ་ལས། དེ་བཞིན་ཉོ་ཚོང་འགྲོ་འོང་བཅས་ལ་སྐུལ་འདེད་བཏང་ནས་ཐུན་མོང་གོང་འཕེལ་ཡོང་རེ་བྱ་རྒྱུ་དེ་ཡིན་ཞེས་འཁོད་ཡོད།

ཨ་ཧྥེ་རི་ཁའི་ལས་རིགས་ཁག་གི་མི་སྣས་ཀྱང་ཀྲུའུ་ཞི་ཞི་ཅིན་ཕིང་གིས་དབུ་ཚོགས་ཀྱི་འགོ་ཚུགས་མཛད་སྒོའི་ཐོག་གནང་བའི་གསུང་བཤད་ལ་ཚད་མཐོའི་དོ་ཁུར་བྱེད་བཞིན་ཡོད།

ཀྲུའུ་ཞི་ཞི་ཅིན་ཕིང་གིས་བརྗོད་བྱ་གཙོ་བོའི་གསུང་བཤད་ནང་། འབྱུང་འགྱུར་ལོ་གསུམ་དང་ཕྱིན་ཆད་དུས་མཚམས་ཞིག་གི་ནང་བྱ་སྤྱོད་ཆེན་པོ་བརྒྱད་ལག་བསྟར་བྱ་རྒྱུ་སྟོན་གནང་ཡོད། དེའི་ནང་ཁོང་གིས་གཞོན་ནུ་དང་འབག་མེད་ཐེངས་མང་གླེང་གནང་ཡོད།

ཨ་ཧྥེ་རི་ཁའི་རིག་གནས་པས། ནང་དོན་དེ་དག་ལས་མཐོང་ཐོས་གསར་པ་བྱུང་བ་དང་དེའི་ཐོག་ནས་ཀྲུང་གོས་ཨ་ཧྥེ་རི་ཁ་གླིང་དུ་འཛིན་པའི་སྲིད་ཇུས་དེ་དེ་མིན་རྒྱལ་ཁབ་ཀྱིས་ཨ་ཧྥེ་རི་ཁ་གླིང་དུ་འཛིན་པའི་སྲིད་ཇུས་དང་མི་འདྲ་བ་མངོན་ཡོད་ཅེས་ཤོད་ཀྱི་ཡོད། 

ཀྲུང་གོ་དང་ཨ་ཧྥེ་རི་ཁ་གླིང་གི་མཉམ་ལས་གླེང་སྟེགས་ཀྱི་པེ་ཅིང་དབུ་ཚོགས་ཀྱི་འགོ་ཚུགས་མཛད་སྒོའི་ཐོག་གནང་བའི་བརྗོད་བྱ་གཙོ་བོའི་གསུང་བཤད་ནང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་མཉམ་དུ་ལག་གདང་འབྲེལ་བ་དྲུག་བཏོན་གནང་བ་དེས་དེ་བས་དམ་ཟབ་ཀྱི་ཀྲུང་གོ་དང་ཨ་ཧྥེ་རི་ཁ་གླིང་གི་ལས་དབང་གཅིག་མཐུན་མ་ལག་མཉམ་སྐྲུན་བྱ་རྒྱུའི་ཐད་ཁ་ཕྱོགས་གསལ་སྟོན་གནང་ཡོད། རིག་གཅིག་མཁས་པས། དེ་བས་དམ་ཟབ་ཀྱི་ཀྲུང་གོ་དང་ཨ་ཧྥེ་རི་ཁ་གླིང་བར་གྱི་ལས་དབང་གཅིག་མཐུན་མ་ལག་བསྐྲུན་རྒྱུ་དེས་ཀྲུང་གོ་དང་ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་ལ་ཕན་པ་ཐོབ་བསྐྲུན་པ་མ་ཟད་ད་དུང་མིའི་རིགས་ཀྱི་སྤྱི་ཚོགས་ཞི་མཐུན་གོང་འཕེལ་དང་ཐུན་མོང་དར་རྒྱས་ཡོང་རྒྱུར་དགེ་མཚན་ལྡན་པའི་ནུས་པ་ཐོན་ཐུབ་ཅེས་བསྟན་ཡོད། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།