ཀྲུང་གོ་བོད་ཀྱི་དྲ་བ།

ཕཱ་ཁི་སི་ཐན་ནུབ་བྱང་ཕྱོགས་ནས་རླངས་འཁོར་ཐོ་བརྒྱབ་པའི་དོན་རྐྱེན་ཞིག་བྱུང་སྟེ་མི་ལྔ་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-08-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕཱ་ཁི་སི་ཐན་ནུབ་བྱང་ཕྱོགས་ཀྱི་ཁའེ་པའོ་ཨར་དང་ཕུའུ་ཧྲི་ཐུའུ་ཞིང་ཆེན་ནས་ཚེས་ཉེར་བདུན་ཉིན་རླངས་འཁོར་ཐོ་བརྒྱབ་པའི་དོན་རྐྱེན་ཞིག་བྱུང་སྟེ། མི་ལྔ་དོན་རྐྱེན་ཁྲོད་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་བཅོ་ལྔར་རྨས་ཕོག་ཡོད་ཟེར། 

བསྒྲགས་པ་ལྟར་ན། རླངས་འཁོར་ཆུང་བ་ཞིག་ཁའེ་པའོ་ཨར་དང་ཕུའུ་ཧྲི་ཐུའུ་ཞིང་ཆེན་གྱི་ཀི་ལེ་ཀི་ས་ཁུལ་གྱི་གཞུང་ལམ་ཞིག་ཏུ་བགྲོད་སྐབས་ཚོད་འཛིན་བྱེད་ཐབས་བྲལ་ནས། ཁ་གཏད་ནས་ཡོང་བཞིན་པའི་འགྲུལ་སྐྱེལ་རླངས་འཁོར་ཞིག་ལ་ཐོ་བརྒྱབ། དོན་རྐྱེན་དེ་ལས་རླངས་འཁོར་ཆུང་བའི་སྟེང་གི་མི་ལྔ་བོ་རྐྱེན་ལམ་དུ་ཤོར་བ་དང་། འགྲུལ་སྐྱེལ་རླངས་འཁོར་སྟེང་གི་མི་བཅོ་ལྔར་རྨས་ཕོག་ཡོད་ཟེར། 

དོན་རྐྱེན་བྱུང་རྗེས་ཉེན་རྟོག་ཕྱོགས་དང་རྒུད་སྐྱོབ་མི་སྣ་དུས་ལྟར་ཡུལ་དངོས་སུ་འབྱོར་བ་དང་། མིག་སྔར་རྨས་མ་དག་སྨན་ཁང་དུ་བསྐྱལ་ནས་གསོ་བཅོས་བྱེད་བཞིན་ཡོད། ཉེན་རྟོག་ཕྱོགས་ཀྱིས་བསྟན་དོན། དོན་རྐྱེན་དེར་རྟོག་ཞིབ་བྱེད་བཞིན་ཡོད་ལ། རླངས་འཁོར་ཆུང་བ་དེ་མྱུར་ཚད་ལས་བརྒལ་བ་ནི་ཐེངས་འདིའི་དོན་རྐྱེན་གྱི་འབྱུང་རྐྱེན་ཡིན་ངེས་རེད་ཟེར།  ། 

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།