ཀྲུང་གོ་བོད་ཀྱི་དྲ་བ།

ཝུའུ་ཁི་ལན་གནད་དོན་གྱི་ཕྱོགས་གསུམ་འབྲེལ་གཏུག་ཚན་ཆུང་གིས་སློབ་སྐབས་གསར་བར་འཁྲུག་རྩོད་མཚམས་འཇོག་པའི་འཆར་གཞིར་གྲོས་མཐུན་བཀོད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-08-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཝུའུ་ཁི་ལན་གནད་དོན་གྱི་ཕྱོགས་གསུམ་འབྲེལ་གཏུག་ཚན་ཆུང་གིས་ཚེས་ཉེར་གཉིས་ཉིན་ཨུ་རུ་སི་དཀར་པོའི་རྒྱལ་ས་མེན་སི་ཁི་ནས་རྒྱུན་ལྡན་གྱི་གྲོས་མོལ་སྤེལ་བ་དང་གསལ་སྒྲོག་སྤེལ་ནས། ཟླ་འདིའི་ཚེས་ཉེར་དགུ་ཉིན་གྱི་ཞོགས་པ་ནས་བཟུང་ཝུའུ་ཁི་ལན་ཤར་ཕྱོགས་ས་ཁུལ་དུ་སློབ་སྐབས་གསར་བར་འཁྲུག་རྩོད་མཚམས་འཇོག་པའི་འཆར་གཞི་ལག་བསྟར་བྱེད་རྒྱུ་ཡིན་ཟེར། 

ཡོ་རོབ་གླིང་བདེ་འཇགས་དང་མཉམ་ལས་རྩ་འཛུགས་ཀྱི་དམིགས་བསལ་འཐུས་མི་སཱ་དབྱེ་ཏིས་ཁི་ཡིས་ཉིན་དེར་གྲོས་མོལ་བྱས་རྗེས་སྤེལ་བའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་ཕྱོགས་གསུམ་འབྲེལ་གཏུག་ཚན་ཆུང་ནས་གྲོས་འཆམ་བྱུང་བའི་གསལ་སྒྲོག་སྒྲོག་འདོན་བྱས། གསལ་སྒྲོག་ལས་བཤད་རྒྱུར། ཝུའུ་ཁི་ལན་ཤར་ཕྱོགས་ཀྱི་ཏོན་ནེ་ཚི་ཁི་དང་ལུའུ་ཀན་སི་ཁི་ས་ཁུལ་གྱི་འཐུས་མི་གྲོས་མོལ་ལ་ཞུགས་པའི་གནས་ཚུལ་འོག ཕྱོགས་གསུམ་འབྲེལ་གཏུག་ཚན་ཆུང་གིས་བསྐྱར་སྒྲོག་བྱས་དོན། འཁྲུག་རྩོད་ཕྱོགས་ཁག་སོ་སོས་འཁྲུག་རྩོད་མཚམས་འཇོག་པའི་འཆར་གཞིར་བརྩི་སྲུང་གང་ལེགས་བྱེད་རྒྱུ་ཡིན་ཟེར། ཕྱོགས་སོ་སོས་དགོས་ངེས་ཀྱི་བྱེད་ཐབས་སྤྱད་དེ་འཁྲུག་རྩོད་མཚམས་འཇོག་པའི་རྐྱེན་སྲོལ་གྱི་རྒྱུན་མཐུད་རང་བཞིན་ལ་འགན་སྲུང་བྱེད་རྒྱུ་མ་ཟད། ཡོ་རོབ་གླིང་བདེ་འཇགས་དང་མཉམ་ལས་རྩ་འཛུགས་ཀྱི་དམིགས་བསལ་ལྟ་ཞིབ་ཚོགས་པ་ཝུའུ་ཁི་ལན་གྱི་མངའ་ཁོངས་ཧྲིལ་བོ་ནས་བཀག་མེད་དུ་བགྲོད་པའི་བདེ་འཇགས་ལ་ཁག་ཐེག་བྱེད་རྒྱུ་ཁས་ལེན་བྱས་ཟེར། 

སཱ་དབྱེ་ཏིས་ཁི་ཡིས་བཤད་རྒྱུར། ད་ལོའི་དབྱར་ཁ་ནི་ཝུའུ་ཁི་ལན་ཤར་ཕྱོགས་ས་ཁུལ་དུ་འཁྲུག་རྩོད་བྱུང་བའི་ཚུན་གྱི་ཆེས་ཞི་འཇགས་ཀྱི་དབྱར་ཁ་ཞིག་རེད། ཟླ་བརྒྱད་པའི་ཚུན་ལ་འཁྲུག་རྩོད་གང་རུང་ལས་ཤི་རྨས་ཐེབས་པའི་དོན་རྐྱེན་བྱུང་བའི་སྣང་ཚུལ་མེད་ཟེར། ཁོས་བཤད་རྒྱུར། ཉིན་དེར་ཕྱོགས་གསུམ་འབྲེལ་གཏུག་ཚན་ཆུང་གི་བདེ་འཇགས་བྱ་བའི་ཚན་ཆུང་གིས་གྲོས་མོལ་བྱེད་སྐབས་གཙོ་བོ་འཁྲུག་རྩོད་ས་ཁུལ་གྱི་བདེ་འཇགས་གནས་བབ་དང་འཁྲུག་རྩོད་མཚམས་འཇོག་པའི་རྐྱེན་སྲོལ་བརྩི་སྲུང་བྱེད་པ་སོགས་གནད་དོན་ལ་གྲོས་བསྡུར་བྱས། 

མཚམས་སྦྱོར་བྱས་པ་ལྟར་ན། ཕྱོགས་གསུམ་འབྲེལ་གཏུག་ཚན་ཆུང་གི་འབྲེལ་ཡོད་བྱ་བའི་ཚན་ཆུང་གཞན་པས་གྲོས་མོལ་བྱེད་སྐབས་ད་རུང་བཟུང་མི་བརྗེ་སྤོར་དང་བཙོན་གྲོལ་གཏོང་བ། ཝུའུ་ཁི་ལན་ཤར་ཕྱོགས་ས་ཁུལ་གྱི་སྤོ་སྒུལ་འཕྲིན་གཏོང་དང་ཆུ་འདོན་སླར་གསོ་བྱེད་པ་སོགས་གནད་དོན་ལ་གྲོས་བསྡུར་བྱས། ཕྱོགས་སོ་སོས་གྲོས་མོལ་བྱས་པ་བརྒྱུད། ཕྱོགས་གསུམ་འབྲེལ་གཏུག་ཚན་ཆུང་གིས་ཟླ་དགུ་བའི་ཚེས་ལྔ་ཉིན་སྐོར་ཐེངས་རྗེས་མའི་གྲོས་མོལ་སྤེལ་རྒྱུ་ཐག་བཅད།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།