ཀྲུང་གོ་བོད་ཀྱི་དྲ་བ།

རྒྱ་གར་གྱི་ཁཱ་ལཱ་ལཱ་པང་དུ་ཟླ་ལྔ་བའི་ཟླ་མཇུག་གི་ཚུན་ལ་ཆུ་ལོག་གནོད་འཚེ་ལས་མི་སུམ་བརྒྱ་ལྷག་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-08-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱ་གར་ལྷོ་ཕྱོགས་ཀྱི་ཁཱ་ལཱ་ལཱ་པང་གི་དབུ་བཞུགས་པུའུ་ཀྲང་གཞུང་སྒྲུབ་ཁང་གིས་ཚེས་བཅུ་བདུན་ཉིན་བསྟན་དོན། ཟླ་ལྔ་བའི་ཚེས་ཉེར་དགུ་ཉིན་གྱི་ཚུན་ལ། པང་དེར་མི་སུམ་བརྒྱ་དང་ཉེར་བཞི་ཆུ་ལོག་གི་གནོད་འཚེ་ལས་རྐྱེན་ལམ་དུ་ཤོར་བ་དང་། དེའི་ནང་ཟླ་འདིའི་ཚེས་དགུ་ཉིན་གྱི་ཚུན་ལ་མི་བརྒྱ་དང་རེ་བཞི་ཆུ་ལོག་གི་གནོད་འཚེ་ལས་རྐྱེན་ལམ་དུ་ཤོར་ཟེར། 

ཁཱ་ལཱ་ལཱ་པང་གི་དབུ་བཞུགས་པུའུ་ཀྲང་གཞུང་སྒྲུབ་ཁང་གིས་བསྒྲགས་པ་ལྟར་ན། པང་དེར་ཆུ་ལོག་གི་གནོད་འཚེ་ཚབས་ཆེན་འབྱུང་བཞིན་ཡོད་པ་དང་། མིག་སྔར་གནོད་ཐེབས་མང་ཚོགས་འབུམ་གཉིས་དང་ཁྲི་གཉིས་ལྷག་གནོད་སྐྱོབ་ལྟེ་གནས་སྟོང་གཅིག་དང་ལྔ་བརྒྱ་ལྷག་ཏུ་བཀོད་སྒྲིག་བྱས་ཡོད་ཟེར། 

བསྟུད་མར་དྲག་ཆར་བབས་པའི་དབང་གིས་ཁཱ་ལཱ་ལཱ་པང་གི་གཙང་བོ་དང་ཆུ་མཛོད་རྒྱས་ནས། གནོད་ཐེབས་གནས་ཚུལ་ཉིན་རེ་བཞིན་ཚབས་ཆེན་དུ་འགྱུར་བཞིན་ཡོད། གནོད་འཚེ་ཐེབས་པ་ཆེས་ཚབས་ཆེ་བའི་ས་ཁུལ་ལ་པང་དེའི་ལྟེ་གནས་གྲོང་ཁྱེར་ཐིས་ལུའུ་བོ་ནོང་ཐཱ་པུའུ་ལེ་མུའུ་སོགས་འདུས། 

ཁཱ་ལཱ་ལཱ་པང་གི་དབུ་བཞུགས་པུའུ་ཀྲང་ཝེ་ཅཱ་དབྱང་གིས་བཤད་རྒྱུར། གནམ་གཤིས་བརྟག་དཔྱད་སྡེ་གིས་སྔོན་དཔག་བྱས་པ་ལྟར་ན། ཕྱིན་ཆད་ཀྱི་ཉིན་འགའི་ནང་དུ་པང་དེར་ཆར་བ་སྔར་ལས་མང་བོ་འབབ་རྒྱུ་ཡིན་པ་དང་། གནས་བབ་སྔར་ལས་ཇེ་སྡུག་ཏུ་འགྲོ་ངེས་རེད་ཟེར། རྒྱ་གར་འབྲེལ་ཡོད་སྡེ་ཁག་གིས་སྐམ་མཚོ་མཁའ་གསུམ་གྱི་དམག་མི་དང་མཚོ་འགྲམ་ཉེན་སྲུང་རུ་ཁག རྒྱལ་ཁབ་རྒུད་སྐྱོབ་དམག་དཔུང་བཅས་རྒུད་སྐྱོབ་བྱེད་པར་མངག་པ་དང་། གནོད་ཐེབས་ས་ཁུལ་དུ་མི་ཤུགས་སྔར་ལས་མང་བོ་བཀོད་སྒྲིག་བྱས་ཡོད་པར་མ་ཟད་རྒུད་སྐྱོབ་དངོས་རྫས་མང་བོ་སྐྱེལ་བཞིན་ཡོད། །


རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།