ཀྲུང་གོ་བོད་ཀྱི་དྲ་བ།

འཇར་མན་དང་ཞི་ལཱ་ཡིས་གནས་སྤོར་སྡོད་དམངས་ཕྱིར་ལྡོག་གི་གྲོས་མཐུན་བཀོད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-08-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཇར་མན་གྱི་ནང་སྲིད་བློན་ཆེན་ཙེ་ཧའོ་ཧྥེ་ཨར་གྱིས་ཚེས་བཅུ་བདུན་ཉིན་གྱི་དགོང་མོར་ཁྱབ་སྒྲོག་བྱས་དོན། འཇར་མན་དང་ཞི་ལཱ་ཡིས་གནས་སྤོར་སྡོད་དམངས་ཕྱིར་ལྡོག་གི་གྲོས་མཐུན་བཀོད་ཟེར། དེ་ནི་འཇར་མན་གྱིས་ཐེངས་གཉིས་པར་ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་བར་རིགས་དེ་མཚུངས་ཀྱི་གྲོས་མཐུན་བཀོད་པ་རེད། 

གྲོས་མཐུན་གྱི་ནང་དོན་ལྟར་ན། ཞི་ལཱ་ནས་ཐོ་འགོད་བྱས་ཏེ་འགེབས་སྲུང་རེ་ཞུ་བྱས་ཡོད་པ་དང་། དེའི་རྗེས་སུ་འཇར་མན་དང་ཨོ་སི་ཁྲུ་རི་ཡཱའི་མཐའ་མཚམས་ནས་འཇར་མན་དུ་ཡོང་བ་ཤེས་པའི་གནས་སྤོར་སྡོད་དམངས་དག་འཇར་མན་གྱིས་དུས་ཚོད་ཞེ་བརྒྱད་ནང་ཕྱིར་ལྡོག་བྱས་ཆོག་པ་རེད། ཞོར་དུ་འཇར་མན་གྱིས་མིག་སྔར་ཞི་ལཱ་རུ་བསྡད་དེ་འཇར་མན་དུ་སོང་ནས་བཟའ་མི་དང་ལྷན་འཛོམས་བྱེད་པར་རེ་ཞུ་བྱེད་པའི་ཡུལ་གྱར་བ་སྟོང་གཉིས་དང་སྟོང་གསུམ་གྱི་རེ་ཞུ་མྱུར་མོར་ཐག་གཅོད་བྱེད་རྒྱུ་ཁས་ལེན་བྱས། 

ཚེས་བཅུ་བདུན་ཉིན་གྱི་ཉིན་གུང་འཇར་མན་སྲིད་གཞུང་གིས་རྒྱུན་ལྡན་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་འཇར་མན་གྱི་ནང་སྲིད་པུའུ་ཡི་མགྲིན་ཚབ་པ་ཕིས་ཏི་མན་གྱིས་བཤད་རྒྱུར། འཇར་མན་དང་དབྱི་ཐཱ་ལེ་རྒྱལ་ཁབ་གཉིས་ཀྱི་ནང་སྲིད་པུའུ་ཡིས་ཕྱིར་ལྡོག་གྲོས་མཐུན་འགོད་པར་གྲོས་མོལ་བྱེད་བཞིན་ཡོད་པ་དང་། གྲོས་མོལ་སྤེལ་བ་ཧ་ཅང་བདེ་བླག་ཡིན་ལ། ཚོད་དཔག་བྱས་པ་ལྟར་ན་རྒྱལ་ཁབ་གཉིས་ཀྱིས་གྲོས་མཐུན་འགོད་ཐུབ་ངེས་རེད་ཟེར། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།