ཀྲུང་གོ་བོད་ཀྱི་དྲ་བ།

ཐུར་ཁེ་དང་ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་གྱིས་ཨ་མེ་རི་ཁའི་བཀག་སྡོམ་བྱེད་ཐབས་ལ་མཉམ་དུ་སྐྱོན་འཛུགས་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-08-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཐུར་ཁེའི་ཕྱི་འབྲེལ་བློན་ཆེན་ཆཱ་ཝུའུ་ཧྲི་ཨོ་ལུའུ་དང་འཚམས་འདྲིར་ཡོང་བའི་ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་ལཱ་ཧྥུའུ་ལོ་ཧྥུའུ་གཉིས་ཀྱིས་ཚེས་བཅུ་བཞིའི་ཉིན་ཨན་ཁཱ་ལཱ་ནས་གྲོས་མོལ་བྱས་ཏེ། མཉམ་དུ་ཨ་མེ་རི་ཁའི་བཀག་སྡོམ་བྱེད་ཐབས་ལ་སྐྱོན་བརྗོད་བྱས་པ་དང་། ཞོར་དུ་ཐུར་ཁེ་དང་ཨུ་རུ་སིའི་འཐབ་ཇུས་གྲོགས་པོའི་འབྲེལ་བར་ཤུགས་སྣོན་བྱེད་རྒྱུའི་ཚུལ་བསྟན། 

གྲོས་མོལ་བྱས་རྗེས་སྤེལ་བའི་མཉམ་འབྲེལ་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་ཆཱ་ཝུའུ་ཧྲི་ཨོ་ལུའུ་ཡིས་བཤད་རྒྱུར། ཨ་མེ་རི་ཁའི་ཐུར་ཁེ་ལ་དམིགས་པའི་བཀག་སྡོམ་བྱེད་ཐབས་དེས་ཨ་མེ་རི་ཁ་རང་ཉིད་ཀྱི་ཡིད་རྟོན་མེད་བརླག་ཏུ་གཏོང་བཞིན་ཡོད་པ་དང་། བཙན་པོས་གཉོམ་པོར་ཐུབ་ཚོད་བྱེད་པའི་དུས་རབས་ངེས་པར་དུ་མཇུག་སྒྲིལ་དགོས་ཟེར། ཁོས་ནན་གྱིས་བསྟན་དོན། ཐུར་ཁེའི་དཔལ་འབྱོར་གཏན་འཇགས་ཡོང་བ་དེ་ཡོ་རོབ་གླིང་དང་དེའི་ཉེ་འཁོར་གྱི་རྒྱལ་ཁབ་དག་ལ་གལ་འགངས་ཧ་ཅང་ཆེ་ཟེར།

ལཱ་ཧྥུའུ་ལོ་ཧྥུའུ་ཡིས་བསྟན་དོན། ཨུ་རུ་སི་ཡིས་ཐུར་ཁེ་ནུབ་ཕྱོགས་ཀྱིས་ཨུ་རུ་སི་ལ་དམིགས་པའི་བཀག་སྡོམ་བྱེད་ཐབས་ནང་མ་ཞུགས་པར་གཟེངས་བསྟོད་བྱེད་བཞིན་ཡོད་ཟེར། ཁོས་བཤད་རྒྱུར། ཨ་མེ་རི་ཁའི་ཐུར་ཁེ་སོགས་རྒྱལ་ཁབ་ཀྱི་བཀག་སྡོམ་བྱེད་ཐབས་ནི་ཚུལ་ལྡན་མིན་པའི་ཁྲིམས་འགལ་གྱི་བྱ་སྤྱོད་ཅིག་ཡིན་པ་དང་། དེའི་དམིགས་ཡུལ་ནི་འཛམ་གླིང་ཡོངས་ཀྱི་ཉོ་ཚོང་ཁྲོད་ཀྱི་འདྲ་མཉམ་མིན་པའི་འགྲན་རྩོད་ཁྱད་སྟོབས་ཐོབ་པའི་ཆེད་དུ་ཡིན། དེས་མཇུག་མཐར་མེ་སྒོར་གྱི་རྒྱལ་སྤྱིའི་རྩིས་བྱེད་དངུལ་ལོར་གྱི་གོ་གནས་ལ་གནོད་པ་བཟོ་ངེས་རེད་ཟེར། ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ད་རུང་བསྟན་དོན། ཨུ་རུ་སིའི་ཕྱོགས་ཀྱིས་ཐུར་ཁེའི་བར་རྒྱལ་ཁབ་རང་གི་དངུལ་ལོར་གྱིས་རྩིས་བྱེད་ཐུབ་པར་གྲོས་བསྡུར་བྱེད་བཞིན་ཡོད་ཟེར། 

རྒྱལ་ཁབ་གཉིས་ཀྱི་ཕྱི་འབྲེལ་བློན་ཆེན་གྱིས་ད་རུང་སི་རི་ཡཱའི་གནས་བབ་ལ་གྲོས་བསྡུར་བྱས་པ་དང་། མུ་མཐུད་དུ་སི་རི་ཡཱའི་གནད་དོན་གྱི་ཨ་སི་ཐཱ་ནཱའི་གྲོས་མོལ་གྲུབ་འབྲས་དངོས་འབེབ་བྱེད་རྒྱུ་མ་ཟད། སི་རི་ཡཱའི་དབྱེ་ཏི་ལེ་པུའུ་ཞིང་ཆེན་སོགས་འཁྲུག་རྩོད་ཞི་འཇགས་ས་ཁུལ་གྱི་མཉམ་ལས་ལ་ཤུགས་སྣོན་བྱེད་དགོས་པ་བསྐྱར་སྒྲོག་བྱས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།