ཀྲུང་གོ་བོད་ཀྱི་དྲ་བ།

མའོ་ཁི་ཨར་གྱིས་ཡོ་རོབ་གླིང་མནའ་འབྲེལ་གྱི་ཡུལ་གྱར་བའི་སྲིད་ཇུས་ཉམས་ཞན་དུ་སོང་བར་སྐྱོན་བརྗོད་བྱས་པ་དང་བགོ་བཤའ་དང་ཕྱིར་ལྡོག་མཉམ་ལས་ལ་ཤུགས་སྣོན་བྱེད་དགོས་པའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-08-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཡོ་རོབ་གླིང་མནའ་འབྲེལ་གྱིས་ད་ལྟ་ལག་བསྟར་བྱེད་པའི་པའོ་ལིན་སྤྱི་ཆིངས་ཀྱི་ཡུལ་གྱར་བའི་སྲིད་ཇུས་མ་ལག་ལ་དམིགས་ཏེ། འཇར་མན་གྱི་ཙུང་ལི་མའོ་ཁི་ཨར་གྱིས་ཚེས་བཅུ་གཅིག་ཉིན་བསྟན་དོན། མ་ལག་དེ་རྒྱུན་ལྡན་ངང་འཁོར་སྐྱོད་བྱེད་ཐུབ་མེད་ཟེར། མའོ་ཁི་ཨར་གྱིས་ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་དག་གིས་འདྲ་མཉམ་གྱི་ཡུལ་གྱར་བའི་བགོ་བཤའི་ལམ་ལུགས་བཙུགས་ཏེ། ཡུལ་གྱར་བ་ཡོང་སའི་རྒྱལ་ཁབ་བར་མཉམ་ལས་བྱས་ནས་ཕྱིར་ལྡོག་བྱེད་ཐབས་ལག་བསྟར་བྱེད་དགོས་པའི་འབོད་སྐུལ་བཏང་། 

སི་ཕན་དུ་འཚམས་འདྲི་བྱེད་བཞིན་པའི་མའོ་ཁི་ཨར་གྱིས་ཚེས་བཅུ་གཅིག་ཉིན་རྒྱལ་ཁབ་དེའི་སིང་ལུའུ་ཁཱ་ཨར་དང་ཏི་པཱ་ལཱ་མཱེ་ཏཱ་ནས་སི་ཕན་གྱི་དབུ་བཞུགས་བློན་ཆེན་སིང་ཆེ་སི་དང་མཉམ་དུ་གསར་འགོད་པར་སྣེ་ལེན་བྱེད་སྐབས་གོང་གི་རྣམ་འགྱུར་དེ་བསྟན་པ་རེད། 

ད་ལྟ་ལག་བསྟར་བྱེད་བཞིན་པའི་པའོ་ལིན་སྒྲིག་སྲོལ་གྱི་ལྟར་ན། ཡུལ་གྱར་བ་ཡོ་རོབ་གླིང་མནའ་འབྲེལ་དུ་འབྱོར་བའི་ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་ཐོག་མས་རྩ་དོན་སྟེང་ནས་དེར་འགེབས་སྲུང་བྱེད་དགོས་པ་རེད། མའོ་ཁི་ཨར་གྱིས་མ་ལག་དེ་རྒྱུན་ལྡན་ངང་འཁོར་བསྐྱོད་བྱེད་བཞིན་མེད། རྒྱུ་མཚན་ནི་གཞུང་ལུགས་ལྟར་ན་ཡུལ་གྱར་བ་ཞིག་འཇར་མན་དུ་ཡོང་ཐབས་མེད་ཀྱང་། དོན་དངོས་དེ་སྒྲིག་སྲོལ་དང་མི་འཚམ་པར་སྐྱོན་འཛུགས་བྱས། 

ཚེས་བཅུ་གཅིག་ཉིན་ནི་མའོ་ཁི་ཨར་གྱིས་སི་ཕན་ལ་འཚམས་འདྲི་བྱེད་པའི་ཉིན་དང་པོ་ཡིན་པ་རེད། ཁོ་མོས་དུས་ཡུན་ཉིན་གཉིས་ཀྱི་འཚམས་འདྲི་མགོ་མ་བརྩམས་གོང་། འཇར་མན་དང་སི་ཕན་གྱིས་ཡུལ་གྱར་བ་ཕྱིར་ལྡོག་གི་གྲོས་མཐུན་བཀོད་པ་རེད། ཚེས་བཅུ་གཅིག་ཉིན་ནུས་ལྡན་དུ་འགྱུར་བའི་གྲོས་མཐུན་དེ་ལྟར་ན། ཕྱིན་ཆད་ཡུལ་གྱར་བ་འཇར་མན་དང་ཨོ་སི་ཁྲུ་རི་ཡཱའི་མཐའ་མཚམས་བརྒྱུད་སྐབས་སི་ཕན་ནས་ཐོ་འགོད་བྱས་པའི་གནས་ཚུལ་ཤེས་ན། དུས་ཚོད་ཞེ་བརྒྱད་ནང་ཕྱིར་སི་ཕན་དུ་བསྐྱལ་དགོས་པ་རེད། 

མའོ་ཁི་ཨར་གྱིས་གྲོས་མཐུན་དེ་བཀོད་པར་དགའ་བསུ་ཞུས། ཁོ་མོས་བསྟན་དོན། དེ་ལས་ཕྱོགས་གཉིས་ཀྱིས་མཉམ་ལས་ལ་བརྟེན་ན་ད་གཟོད་གནད་དོན་ཐག་གཅོད་བྱེད་ཐུབ་པར་ཡིད་ཆེས་བརྟན་པོ་བཅངས་ཡོད་པ་མཚོན་ཡོད་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།