ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་སི་རལ་དམག་དཔུང་གིས་ཅཱ་ཧྲའི་མཐའ་མཚམས་ས་ཁུལ་གྱི་དོགས་ཟོན་ལ་ཤུགས་སྣོན་བྱེད་རྒྱུ་རེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-08-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་སི་རལ་རྒྱལ་སྲུང་དམག་དཔུང་གིས་ཚེས་བརྒྱད་ཉིན་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་དམག་དཔུང་གིས་དབྱི་སི་རལ་དང་ཅཱ་ཧྲའི་མཐའ་མཚམས་ས་ཁུལ་དུ་དོགས་ཟོན་ལ་ཤུགས་སྣོན་བྱས་ནས་དབྱི་སི་རལ་མང་ཚོགས་ཀྱི་བདེ་འཇགས་ལ་འགན་སྲུང་བྱེད་རྒྱུ་ཡིན་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སི་ཡི་གསལ་སྒྲོག་དང་མིག་སྔར་ཧཱ་མཱ་སིའི་དྲག་ཆས་མི་སྣའི་འགུལ་སྐྱོད་ལ་དམིགས་ཏེ། དབྱི་སི་རལ་གྱི་དམག་དཔུང་གིས་ཅཱ་ཧྲའི་མཐའ་མཚམས་ས་ཁུལ་གྱི་དམག་དོན་དོགས་ཟོན་ལ་ཤུགས་སྣོན་བྱེད་རྒྱུ་ཡིན་པ་དང་། དེའི་ཞོར་དུ་དབྱི་སི་རལ་གྱི་དམག་དཔུང་གིས་དབྱི་སི་རལ་ལྷོ་ཕྱོགས་ཀྱི་ཅཱ་ཧྲ་ས་ཁུལ་དུ་བགྲོད་སའི་མཐའ་མཚམས་ཀྱི་གཞུང་ལམ་འགའ་བཀག་སྡོམ་བྱས་ཟེར། 

དབྱི་སི་རལ་གྱི་དམག་དཔུང་གིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་དང་ཅཱ་ཧྲའི་བྱང་ངོས་ཀྱི་མཐའ་མཚམས་ས་ཁུལ་དུ་འགོག་སྲུང་མཁར་གྱང་ལས་བཞིན་པའི་བཟོ་སྐྲུན་རླངས་འཁོར་ཞིག་ལ་ཅཱ་ཧྲ་ས་ཁུལ་གྱི་འཇབ་རྒོལ་ཐེབས་ཏེ། རླངས་འཁོར་ལ་གཏོར་བརླག་ཐེབས་ཡོད་ཀྱང་། མི་སྣར་ཤི་རྨས་ཐེབས་མེད། དེའི་ལན་དུ་དབྱི་སི་རལ་དམག་དཔུང་གིས་ཐན་ཁི་འཁོར་ལོ་བཀོལ་ནས་ཅཱ་ཧྲ་ས་ཁུལ་བྱང་ངོས་ཀྱི་ཧཱ་མཱ་སིའི་དམིགས་འབེན་ཞིག་ལ་འགས་གཏོར་བཏང་བ་ཡིན་ཟེར།  །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།