ཨ་ཧྥུའུ་ཧན་བྱང་ཕྱོགས་ས་ཁུལ་ནས་འགྲུལ་སྐྱེལ་རླངས་འཁོར་ཞིག་ལ་འགས་གཏོར་འཇབ་རྒོལ་ཐེབས་ཏེ་མི་དྲུག་རྐྱེན་ལམ་དུ་ཤོར།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་ཧྥུའུ་ཧན་བྱང་ཕྱོགས་ཀྱི་པཱ་ཨར་ཧི་ཞིང་ཆེན་གྱི་དཔོན་པོས་ཚེས་བརྒྱད་ཉིན་བཤད་རྒྱུར། འགྲུལ་སྐྱེལ་རླངས་འཁོར་ཞིག་ཉིན་དེར་ཞིང་ཆེན་དེ་བརྒྱུད་སྐབས་འགས་གཏོར་འཇབ་རྒོལ་ཐེབས་པ་དང་། འགས་གཏོར་ལས་ཉུང་མཐར་ཡང་མི་དྲུག་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་བདུན་ལ་རྨས་ཕོག 

པཱ་ཨར་ཧི་ཞིང་ཆེན་སྲིད་གཞུང་གི་མགྲིན་ཚབ་པ་ཧྥ་ཨར་ཧཱ་ཏི་ཡིས་གསར་འགོད་པར་བཤད་རྒྱུར། འགས་གཏོར་དོན་རྐྱེན་དེ་ཉིན་དེའི་ཞོགས་པའི་དུས་ཚོད་ལྔ་དང་སྐར་མ་སུམ་ཅུའི་ཡས་མས་སུ་ཞིང་ཆེན་དེའི་ཧྲུའུ་ལེ་ཅཱ་ལཱ་ས་ཁུལ་གྱི་ཞང་བར་གྱི་གཞུང་ལམ་སྟེང་བྱུང་བ་དང་། འདས་པོ་ཚང་མ་ས་དེའི་མི་སེར་དཀྱུས་མ་ཡིན་ལ། དེའི་ནང་བྱིས་པ་བཞི་འདུས། འགྲུལ་སྐྱེལ་རླངས་འཁོར་ལའང་གཏོར་བརླག་ཚབས་ཆེན་ཐེབས་ཡོད། 

མིག་སྔར་རྩ་འཛུགས་དང་མི་སྒེར་གང་རུང་གིས་ཐེངས་འདིའི་འཇབ་རྒོལ་དོན་རྐྱེན་བཟོས་པ་ཁས་ལེན་བྱས་མེད། 

ས་དེའི་གནས་ཚུལ་ཤེས་མཁན་གྱིས་བཤད་རྒྱུར། ཨ་ཧྥུའུ་ཧན་དམག་ཕྱོགས་ཀྱིས་ཉེ་སྔོན་པཱ་ཨར་ཧི་ཞིང་ཆེན་གྱི་ཧྲུའུ་ལེ་ཅཱ་ལཱ་ས་ཁུལ་ནས་ཐཱ་ལེ་པན་དང་བཅས་པའི་དྲག་ཆས་རྩ་འཛུགས་ལ་དམིགས་པའི་གཙང་ཕྱགས་འགུལ་སྐྱོད་སྤེལ་བཞིན་ཡོད་པ་རེད།  །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།