ཀྲུང་གོ་བོད་ཀྱི་དྲ་བ།

སུའུ་ཏན་དང་ཨེ་ཅིབ་དམག་ཕྱོགས་ཀྱིས་དམག་དོན་དང་བདེ་འཇགས་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-08-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སུའུ་ཏན་དང་ཨེ་ཅིབ་དམག་ཕྱོགས་ཀྱི་མགོ་ཁྲིད་པས་ཚེས་བདུན་ཉིན་སུའུ་ཏན་གྱི་རྒྱལ་ས་ཁཱ་ཐུའུ་མུའུ་ནས་གྲོས་མོལ་བྱས། ཕྱོགས་གཉིས་ཀྱིས་དམག་དོན་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱས་ཏེ། མཐའ་མཚམས་ཀྱི་དོ་དམ་ཚོད་འཛིན་ནུས་པ་ཇེ་མཐོར་བཏང་ནས་མཉམ་དུ་འཇིགས་སྐུལ་རིང་ལུགས་དང་། མཚོན་ཆ་དང་དུག་རྫས་ཀྱི་ལྐོག་འཚོང་། མི་སྣའི་ལྐོག་འདྲེན་སོགས་བྱ་འགུལ་ལ་ཆམ་ཕབ་གཏོང་བར་ཡིད་འཐད་བྱུང་། 

སུའུ་ཏན་སྐམ་དམག་གི་ཇུས་འདོན་དཔོན་པོ་ཨ་པུའུ་ཏུའུ་ལེ་མཱ་ལུའུ་ཧྥུའུ་དང་ཨེ་ཅིབ་དྲག་ཆས་དམག་དཔུང་གི་ཇུས་འདོན་དཔོན་པོ་ཧི་ཅཱ་ཆི་གཉིས་ཀྱིས་མཉམ་དུ་ཉིན་དེའི་གྲོས་མོལ་ལ་མགོ་འཛིན་བྱས། 
ཨ་པུའུ་ཏུའུ་ལེ་མཱ་ལུའུ་ཧྥུའུ་ཡིས་གྲོས་མོལ་མགོ་རྩོམ་པའི་མཛད་སྒོའི་སྟེང་བསྟན་དོན། སུའུ་ཏན་དང་ཨེ་ཅིབ་ཕྱོགས་གཉིས་ཀྱི་དམག་དོན་ཁྱབ་ཁོངས་ཀྱི་མཉམ་ལས་ལ་འཐབ་ཇུས་དོན་སྙིང་ལྡན་པ་དང་། རྒྱལ་ཁབ་གཉིས་ཀྱིས་ཆབ་སྲིད་དང་དཔལ་འབྱོར་སོགས་ཁྱབ་ཁོངས་ནས་མཉམ་ལས་བྱེད་པའི་རྨང་གཞི་ཡིན། རྒྱལ་ཁབ་གཉིས་ཀྱི་དྲག་ཆས་དམག་དཔུང་གིས་རྒྱལ་ཁབ་གཉིས་ཀྱི་མཐའ་མཚམས་ས་ཁུལ་གྱི་བདེ་འཇགས་ལ་འགན་སྲུང་བྱེད་པ་དང་། འཇིགས་སྐུལ་རིང་ལུགས་དང་ཁྲིམས་འགལ་གནས་སྤོར་སྡོད་དམངས། མི་སྣའི་ལྐོག་འདྲེན་བཅས་ལ་ཆམ་ཕབ་གཏོང་བ། དེ་མིན་མཚོན་ཆ་དང་དུག་རྫས་ལྐོག་འཚོང་ལ་ཆམ་ཕབ་གཏོང་བ་སོགས་ཀྱི་ཐད་ནས་ནུས་པ་གལ་ཆེན་འདོན་བཞིན་ཡོད་ཟེར། 
ཧི་ཅཱ་ཆི་ཡིས་དམག་དཔུང་གཉིས་བར་གྱི་འབྲེལ་འདྲིས་མཐུན་སྦྱོར་ལ་ཤུགས་སྣོན་བྱས་ཏེ། འཐབ་ཇུས་ནོར་འཆུག་སོགས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་གནོད་པ་ཐེབས་སྲིད་པའི་གནས་ཚུལ་འབྱུང་བར་སྔོན་འགོག་བྱེད་དགོས་པའི་གྲོས་གཞི་བཏོན། 
ཁོས་བཤད་རྒྱུར། ཨེ་ཅིབ་དང་སུའུ་ཏན་གྱིས་ཕྱོགས་གཉིས་ཀྱི་འབྲེལ་བར་ཤུགས་སྣོན་པ་དེ་རྒྱལ་ཁབ་གཉིས་ཀྱི་འཐབ་ཇུས་ཁེ་ཕན་དང་འཚམ་ཞིང་། ཕྱོགས་གཉིས་ཀྱིས་མཐའ་མཚམས་ས་ཁུལ་གྱི་བདེ་འཇགས་དང་རྣམ་པ་གང་རུང་གི་འཇིགས་སྐུལ་རིང་ལུགས་དང་ལྐོག་འཚོང་བྱ་སྤྱོད་ལ་ཆམ་ཕབ་གཏོང་བ། མཚོ་དམར་ས་ཁུལ་གྱི་བདེ་འཇགས་ལ་ཤུགས་སྣོན་པ་སོགས་ཐད་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་དགོས་ཟེར།

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།