ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སིའི་སྤྱི་དམངས་གསུམ་ཨ་ཧྥེ་རི་ཁ་དབུས་མ་སྤྱི་མཐུན་རྒྱལ་ཁབ་ནས་འཕྲོག་བཅོམ་ལ་འགོག་རྒོལ་བྱས་པས་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-08-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཀྲ་ཧཱ་ལོ་ཝ་ཡིས་ཚེས་གསུམ་ཉིན་བཤད་རྒྱུར། ཐོག་མར་བསྒྲགས་པའི་གནས་ཚུལ་ལྟར་ན། ཨུ་རུ་སིའི་སྤྱི་དམངས་གསུམ་གྱིས་ཐོབ་ཐང་གསལ་བོར་མི་ཤེས་པའི་མི་སྣའི་འཕྲོག་བཅོམ་ལ་འགོག་རྒོལ་བྱས་པས་ཨ་ཧྥེ་རི་ཁ་དབུས་མ་སྤྱི་མཐུན་རྒྱལ་ཁབ་ནས་རྐྱེན་ལམ་དུ་ཤོར་ཟེར། 

ཀྲ་ཧཱ་ལོ་ཝ་ཡིས་བཤད་རྒྱུར། ཁྲིམས་འཛིན་ལས་ཁུངས་ཀྱིས་བསྒྲགས་པ་ལྟར་ན། ཐོབ་ཐང་གསལ་བོར་མི་ཤེས་པའི་དྲག་ཆས་པས་ཨ་ཧྥེ་རི་ཁ་དབུས་མ་སྤྱི་མཐུན་རྒྱལ་ཁབ་ནས་ཨུ་རུ་སིའི་སྤྱི་དམངས་ལ་འཇབ་རྒོལ་བྱས་པའི་དམིགས་ཡུལ་ནི་འཕྲོག་བཅོམ་གྱི་ཆེད་དུ་ཡིན་པ་དང་། ཨུ་རུ་སིའི་སྤྱི་དམངས་གསུམ་པོ་འགོག་རྒོལ་བྱེད་སྐབས་དམར་གསོད་བཏང་། 

ཁོ་མོས་བཤད་རྒྱུར། ཨ་ཧྥེ་རི་ཁ་དབུས་མ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ཐུའུ་ཝ་ཏི་ལཱ་ཡིས་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་ལ་མི་སྒེར་གྱི་འཚམས་འདྲིའི་འཕྲིན་ཡིག་བསྐུར་ཏེ། ཨུ་རུ་སིའི་རོགས་རམ་འོག་རྒྱལ་ཡོངས་ཀྱི་ཞི་བདེ་དང་གཏན་འཇགས་སླར་གསོ་འབྱུང་བར་རེ་བ་བྱེད་པའི་ཚུལ་བསྟན། 

ཀྲ་ཧཱ་ལོ་ཝ་ཡིས་ཉིན་དེར་རྒྱུན་ལྡན་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། མིག་སྔར་ཨུ་རུ་སིའི་ཁྲིད་སྟོན་པ་བརྒྱ་དང་དོན་ལྔས་ཨ་ཧྥེ་རི་ཁ་དབུས་མ་སྤྱི་མཐུན་རྒྱལ་ཁབ་ཏུ་བྱ་བ་བྱེད་བཞིན་ཡོད་པ་དང་། དེའི་ནང་དམག་མི་ལྔ་དང་རིག་གནས་བྱ་བ་བྱེད་མཁན་བརྒྱ་དང་བདུན་ཅུ་འདུས། ཁོ་ཚོས་ཙུང་ཐུང་ཐུའུ་ཝ་ཏི་ལཱའི་རེ་བ་ལྟར་དུ་ས་དེའི་དམག་མིར་གསོ་སྦྱོང་བྱེད་པར་རོགས་རམ་བྱེད་བཞིན་ཡོད། ཁོ་ཚོའི་ལས་འགན་གཙོ་བོ་ནི་ཨུ་རུ་སིའི་ཕྱོགས་ཀྱིས་ད་ལོའི་ལོ་མགོར་སྐྱིན་ཚབ་མེད་པར་ཨ་ཧྥེ་རི་ཁ་དབུས་མ་སྤྱི་མཐུན་རྒྱལ་ཁབ་ལ་འདོན་སྤྲོད་བྱས་པའི་མཚོན་ཆ་དང་ལག་རྩལ་སྒྲིག་ཆས་བེད་སྤྱོད་བྱེད་ཚུལ་གསོ་སྦྱོང་བྱེད་རྒྱུ་དེ་རེད། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།