ཀྲུང་གོ་བོད་ཀྱི་དྲ་བ།

ཐི་ལིང་ཕུའུ་ཡིས་སྔོན་འགྲོའི་ཆ་རྐྱེན་མེད་པའི་གནས་ཚུལ་འོག་དབྱི་ལིང་གི་མགོ་ཁྲིད་པ་དང་གྲོས་མོལ་བྱེད་འདོད་ཡོད་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-07-31
ཡིག་གཟུགས། :ཆུང་། འབྲིང་། ཆེ།

美国总统特朗普。.jpg

ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ཡི་རྒྱུ་ཆའི་པར་རིས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ཡིས་ཟླ་བདུན་པའི་ཚེས་སུམ་ཅུའི་ཉིན་ཕོ་བྲང་དཀར་པོ་ནས་བསྟན་དོན། ཁོས་སྔོན་འགྲོའི་ཆ་རྐྱེན་ཅི་ཡང་མེད་པའི་གནས་ཚུལ་འོག་དབྱི་ལིང་གི་མགོ་ཁྲིད་པ་དང་གྲོས་མོལ་བྱེད་འདོད་ཡོད་ཟེར།  ཐི་ལིང་ཕུའུ་ཡིས་ཉིན་དེར་འཚམས་འདྲིར་ཡོང་བའི་དབྱི་ཐཱ་ལེའི་ཙུང་ལི་ཁུང་ཐི་དང་མཉམ་དུ་གསར་འགོད་པའི་སྣེ་ལེན་ཚོགས་འདུར་ཞུགས་སྐབས་གོང་གི་སྐད་ཆ་དེ་བཤད་པ་རེད། ཁོས་བསྟན་དོན། གལ་ཏེ་དབྱི་ལིང་ཕྱོགས་ཀྱིས་གྲོས་མོལ་བྱེད་འདོད་ན། ཁོས་དབྱི་ལིང་གིས་བཏོན་པའི་དུས་ཚོད་གང་རུང་ནང་གྲོས་མོལ་བྱེད་འདོད་ཡོད་པ་དང་། སྔོན་འགྲོའི་ཆ་རྐྱེན་ཅི་ཡང་འདོན་མི་སྲིད་ཟེར།

ཐི་ལིང་ཕུའུ་ཡིས་བཤད་རྒྱུར། དབྱི་ལིང་གི་མགོ་ཁྲིད་དང་གྲོས་མོལ་བྱེད་པ་ནི་དོན་ངན་ཞིག་མ་ཡིན་ལ། ཨ་མེ་རི་ཁ་དང་དབྱི་ལིང་། ཐ་ན་འཛམ་གླིང་ཡོངས་ལ་ཕན་ཐོགས་ཡོད་ཟེར། ཁོས་བསྟན་དོན། ཁོས་ཁྲའོ་ཞན་གྱི་རྒྱལ་སྲིད་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཅིན་ཀྲིན་ཨིན་བར་གྱི་གྲོས་མོལ་ལས་འགྱུར་ལྡོག་གི་གནས་ཚུལ་རབ་དང་རིམ་པ་བྱུང་། ཁོ་དང་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱི་གྲོས་མོལ་ལའང་གྲུབ་འབྲས་ཐོབ་ཡོད་ཟེར།

ཐི་ལིང་ཕུའུ་ཡིས་ད་རུང་བསྟན་དོན། ཁོས་དབྱི་ལིང་གིས་གྲ་སྒྲིག་བྱས་ཡོད་མིན་གསལ་བོར་མི་ཤེས་ཀྱང་། ཁོས་བལྟས་ན། དབྱི་ལིང་ཕྱོགས་ཀྱིས་མཇུག་མཐར་ཨ་མེ་རི་ཁ་ཕྱོགས་དང་གྲོས་མོལ་བྱེད་འདོད་ཡོད་སྲིད། ཁོས་དུས་ངེས་མེད་དུ་དོན་དེར་གྲ་སྒྲིག་བྱས་ཡོད་ཟེར། ཐི་ལིང་ཕུའུ་ཡིས་ཉིན་དེའི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་ཡང་བསྐྱར་ནན་གྱིས་བསྟན་དོན། དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་གྱི་གྲོས་མཐུན་ནི་ལུགས་དང་མི་མཐུན་པའི་གྲོས་མཐུན་ཞིག་རེད་ཟེར།

ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཕིན་ཕའེ་ཨོ་ཡིས་ཟླ་བདུན་པའི་ཚེས་སུམ་ཅུའི་ཉིན་ཨ་མེ་རི་ཁའི་སྨྱན་བྱད་ཀྱི་བཅར་འདྲི་དང་ལེན་བྱེད་སྐབས་བསྟན་དོན། ཁོས་ཨ་མེ་རི་ཁ་དང་དབྱི་ལིང་གི་མགོ་ཁྲིད་པས་གྲོས་མོལ་བྱེད་པའི་ཐབས་ལ་བརྟེན་ནས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་ཐག་གཅོད་བྱེད་པར་རྒྱབ་སྐྱོར་བྱེད་བཞིན་ཡོད་ཟེར། ཕིན་ཕའེ་ཨོ་ཡིས་བསྟན་དོན། གལ་ཏེ་དབྱི་ལིང་གིས་ཉིང་རྡུལ་ནུས་པའི་གནད་དོན་ཐད་ནས་རྩ་བའི་རང་བཞིན་གྱི་བཅོས་བསྒྱུར་བྱེད་ཐུབ་ན། ཙུང་ཐུང་ཐི་ལིང་ཕུའུ་ཡིས་དབྱི་ལིང་གི་མགོ་ཁྲིད་པ་དང་གྲོས་མོལ་བྱེད་སྲིད་ཟེར།


རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།