ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོའི་གནས་སྐོར་བ་དྲུད་པའི་འགྲུལ་སྐྱེལ་རླངས་འཁོར་ཞིག་ལ་ཐུར་ཁེ་ནས་འགྲིམ་འགྲུལ་དོན་རྐྱེན་བྱུང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-07-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

0ba7199ea8c1262a74659cdd1a9c55ff.jpg

འདི་ནི་ཟླ7པའི་ཚེས29ཉིན་ཐུར་ཁེའི་ལྷོ་ཕྱོགས་ཀྱི་ཨན་ཐཱ་ལེ་ཡཱ་ཞིང་ཆེན་གྱི་ཨ་ཁི་སེ་ཅི་གྲོང་རྡལ་ནས་པར་བླངས་པའི་འགྲིམ་འགྲུལ་དོན་རྐྱེན་བྱུང་སའི་ཡུལ་དངོས་རེད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཐུར་ཁེ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་དང་དབྱེ་ཙོ་མུས་ཨར་དུ་སྡོད་པའི་སྤྱིའི་དོན་གཅོད་ཁང་གིས་བསྒྲགས་པ་ལྟར་ན། ཟླ་བདུན་པའི་ཚེས་ཉེར་དགུ་ཉིན་གྱི་སྔ་དྲོའི་དུས་ཚོད་བཅུ་ཡས་མས་སུ། ཀྲུང་གོའི་གནས་སྐོར་བ་དྲུད་པའི་འགྲུལ་སྐྱེལ་རླངས་འཁོར་ཞིག་ལ་ཐུར་ཁེའི་ལྷོ་ཕྱོགས་ཀྱི་ཨན་ཐཱ་ལེ་ཡཱ་ཞིང་ཆེན་ནས་འགྲིམ་འགྲུལ་དོན་རྐྱེན་བྱུང་སྟེ། རླངས་འཁོར་སྟེང་གི་ཀྲུང་གོའི་གནས་སྐོར་བ་སོ་གཅིག་དང་བཅས་པའི་མི་སོ་གསུམ་ལ་ཚད་མི་འདྲ་བའི་རྨས་སྐྱོན་ཕོག་ཡོད་ཟེར།

རྒྱུས་ལོན་བྱུང་བ་ལྟར་ན། གནས་སྐོར་འགྲུལ་སྐྱེལ་རླངས་འཁོར་ཆེ་བ་དེ་ཨན་ཐཱ་ལེ་ཡཱ་ཞིང་ཆེན་གྱི་ཨན་ཐཱ་ལེ་ཡཱ་གྲོང་ཁུལ་ནས་ཐུར་ཁེའི་དབུས་ཕྱོགས་ཀྱི་གནས་སྐོར་མཛེས་ལྗོངས་ཁཱ་ཕཱ་ཏའོ་ཆི་ཡཱ་རུ་བགྲོད་བཞིན་ཡོད་པ་དང་། ཞིང་ཆེན་དེའི་ཨ་ཁི་སེ་ཅི་གྲོང་རྡལ་ནས་ཁ་གཏད་ནས་ཡོང་བའི་རླངས་འཁོར་ཞིག་དང་ཐོ་བརྒྱབ་སྟེ་ལོག་པ་རེད། འགྲུལ་སྐྱེལ་རླངས་འཁོར་སྟེང་དུ་བསྡོམས་པས་མི་སོ་གཅིག་ཡོད་པ་དང་། དེའི་ནང་ཀྲུང་གོའི་གནས་སྐོར་བ་སོ་གཅིག་དང་། མི་གཞན་པ་གཉིས་ནི་ས་དེའི་རླངས་འཁོར་ཁ་ལོ་བ་དང་གནས་ཤན་པ་རེད། དོན་རྐྱེན་བྱུང་རྗེས་རྨས་མ་དག་ས་དེའི་སྨན་ཁང་དུ་བསྐྱལ་ནས་གསོ་བཅོས་བྱས། མིག་སྔར་བུད་མེད་གནས་སྐོར་བ་ཞིག་རྨས་སྐྱོན་ཅུང་ཚབས་ཆེན་རེད། དོན་རྐྱེན་དེ་ལས་རླངས་འཁོར་གཞན་པའི་སྟེང་གི་ཐུར་ཁེའི་སྤྱི་དམངས་གཉིས་རྐྱེན་ལམ་དུ་ཤོར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།