ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་སི་རལ་དམག་དཔུང་གིས་ཅཱ་ཧྲ་ས་ཁུལ་ལ་མེ་སྒྱོགས་ཀྱི་འཇབ་རྒོལ་བྱས་ཏེ་ཕཱ་ལེ་སི་ཐན་གྱི་དྲག་ཆས་མི་སྣ་གསུམ་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-07-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱི་སི་རལ་དམག་ཕྱོགས་ཀྱིས་ཚེས་ཉེར་ལྔ་ཉིན་ཐན་ཁི་འཁོར་ལོ་བཀོལ་ནས་ཅཱ་ཧྲ་ས་ཁུལ་དུ་འགས་གཏོར་བཏང་སྟེ། ཕཱ་ལེ་སི་ཐན་གྱི་དྲག་ཆས་ཉེས་ཅན་གསུམ་རྐྱེན་ལམ་དུ་ཤོར།

ཕཱ་ལེ་སི་ཐན་འཕྲོད་བསྟེན་པུའུ་ཡི་ཅཱ་ཧྲ་ས་ཁུལ་གྱི་མགྲིན་ཚབ་པ་ཁཱ་ཏི་ལཱ་ཡིས་ཉིན་དེར་གསལ་སྒྲོག་ཐུང་ངུ་སྤེལ་ཏེ། ཕཱ་ལེ་སི་ཐན་གྱི་མི་གསུམ་དབྱི་སི་རལ་གྱིས་ཅཱ་ཧྲའི་ཤར་ཕྱོགས་ས་ཁུལ་དུ་འགས་གཏོར་བྱེད་སྐབས་རྐྱེན་ལམ་དུ་ཤོར་བ་རེད་ཟེར།

ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སིའི་ཁོངས་སུ་གཏོགས་པའི་དྲག་ཆས་ཕྱོགས་ཁག་ཁཱ་སིང་སྟོང་ཤོག་གིས་ཉིན་དེར་ཁྱབ་སྒྲོག་བྱས་དོན། རྐྱེན་ལམ་དུ་ཤོར་བའི་མི་གསུམ་པོ་ཚང་མ་ཁཱ་སིང་སྟོང་ཤོག་གི་ཁོངས་མི་ཡིན་པ་དང་། ཁོ་ཚོ་དབྱི་སི་རལ་དམག་དཔུང་གིས་ཅཱ་ཧྲའི་ཤར་ཕྱོགས་ཀྱི་སོ་ལྟ་ཁང་ཞིག་ལ་འགས་གཏོར་བྱས་པ་ལས་རྐྱེན་ལམ་དུ་ཤོར་བ་རེད་ཟེར།

དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་གིས་ཚེས་ཉེར་ལྔ་ཉིན་གྱི་དགོང་མོར་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱི་དམག་མིར་ཉིན་དེར་ཅཱ་ཧྲའི་ལྷོ་ངོས་ནས་འཇབ་རྒོལ་ཐེབས། ཐེངས་འདིའི་འཇབ་རྒོལ་ལ་རྒོལ་ལན་སྤྲོད་ཆེད། དབྱི་སི་རལ་དམག་དཔུང་གིས་ཧཱ་མཱ་སིའི་ཅཱ་ཧྲ་ས་ཁུལ་གྱི་དམག་དོན་སོ་ལྟ་ཁང་བདུན་ལ་མེ་སྒྱོགས་ཀྱི་འཇབ་རྒོལ་བྱས་ཟེར།

གཞན་ཡང་དབྱི་སི་རལ་གྱིས་བསྒྲགས་པ་ལྟར་ན། དབྱི་སི་རལ་གྱི་དམག་དཔུང་གིས་ཐེངས་འདིར་འཐབ་འཛིང་གནམ་གྲུ་དང་ཐན་ཁི་འཁོར་ལོ་མངག་ནས་ཅཱ་ཧྲ་ས་ཁུལ་གྱི་དམག་དོན་དམིགས་འབེན་ལ་དཔུང་འཇུག་བྱས་པ་རེད་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།