ཀྲུང་གོ་བོད་ཀྱི་དྲ་བ།

འཇར་པན་གྱིས་ཡོ་རོབ་གླིང་མནའ་འབྲེལ་བར་གྱི་དཔལ་འབྱོར་ཉོ་ཚོང་དང་བདེ་སྲུང་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་རེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-07-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཇར་པན་དང་ཡོ་རོབ་གླིང་མནའ་འབྲེལ་གྱིས་ཚེས་བཅུ་བདུན་ཉིན་ཏུང་ཅིན་ནས་དུས་བཅད་ཀྱི་མགོ་གཙོའི་གྲོས་མོལ་སྤེལ་བ་དང་། ཕྱོགས་གཉིས་ཀྱིས་འབྲེལ་ཡོད་གྲོས་མཐུན་བཀོད་དེ། དཔལ་འབྱོར་ཉོ་ཚོང་དང་བདེ་སྲུང་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་མ་ཟད། མཉམ་དུ་ཉོ་ཚོང་སྲུང་སྐྱོབ་རིང་ལུགས་ལ་འགོག་རྒོལ་བྱེད་རྒྱུའི་ཚུལ་བསྟན།

འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨན་པའེ་ཅིན་སན་གྱིས་ཚེས་བཅུ་བདུན་ཉིན་དབུ་བཞུགས་བློན་ཆེན་གྱི་བཞུགས་ཤག་ནས་ཡོ་རོབ་གླིང་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཐུའུ་སི་ཁི་དང་ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་རོང་ཁི་གཉིས་ལ་ཐུག་འཕྲད་བྱས། འཇར་པན་དང་ཡོ་རོབ་གླིང་གི་མཉམ་ལས་དང་། ཨ་མེ་རི་ཁའི་ཉོ་ཚོང་སྲུང་སྐྱོབ་རིང་ལུགས་ཐག་གཅོད་པ། ཁྲའོ་ཞན་ཕྱེད་གླིང་གི་གནས་བབ་སོགས་གནད་དོན་ཐད་ནས་བསམ་འཆར་བརྗེ་རེས་བྱས། ཕྱོགས་གཉིས་ཀྱིས་དཔལ་འབྱོར་ཉོ་ཚོང་མཉམ་ལས་དང་ཁྱབ་ཁོངས་སོ་སོའི་བརྗེ་རེས་ལ་ཤུགས་སྣོན་པའི་འབྲེལ་ཡོད་གྲོས་མཐུན་བཀོད།

ཕྱོགས་གཉིས་ཀྱིས་གྲོས་མོལ་བྱས་རྗེས་སྤེལ་བའི་ཐུན་མོང་གསལ་སྒྲོག་ལས་དཔལ་འབྱོར་ཉོ་ཚོང་དང་བདེ་སྲུང་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱས་ཏེ། མཉམ་དུ་ཉོ་ཚོང་སྲུང་སྐྱོབ་རིང་ལུགས་ལ་འགོག་རྒོལ་བྱེད་རྒྱུའི་ཚུལ་བསྟན། ཕྱོགས་གཉིས་ཀྱིས་ད་རུང་དཔལ་འབྱོར་དང་ཉོ་ཚོང་སོགས་མཐོ་རིམ་གྲོས་མོལ་རྐྱེན་སྲོལ་འཛུགས་རྒྱུ་མ་ཟད་ད་ལོར་གྲོས་ཚོགས་ཐོག་མ་སྤེལ་བར་ཡིད་འཐད་བྱུང་།

ཐེངས་འདིའི་དུས་བཅད་མགོ་གཙོའི་གྲོས་མོལ་དེ་སྔོན་པུ་ལི་ཧྲི་ནས་སྤེལ་རྒྱུར་གཏན་འཁེལ་བྱས་ཡོད་ཀྱང་། འཇར་པན་དུ་དྲག་ཆར་གྱི་གནོད་འཚེ་བྱུང་ནས་ཨན་པའེ་ཅིན་སན་གྱིས་འཚམས་འདྲིའི་འགྲུལ་བཞུད་རྩིས་མེད་དུ་བཏང་བའི་དབང་གིས་ཕྱོགས་གཉིས་ཀྱིས་ཡང་བསྐྱར་གྲོས་མོལ་བྱས་ཏེ་ཏུང་ཅིན་ནས་སྤེལ་རྒྱུར་ཐག་བཅད་པ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།