ཀྲུང་གོ་བོད་ཀྱི་དྲ་བ།

ཧན་གོ་དང་ཁྲའོ་ཞན་གྱིས་ནུབ་ཕྱོགས་མཚོ་ཁོངས་ཀྱི་དམག་དོན་འཕྲིན་གཏོང་སྐུད་ལམ་སླར་གསོ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-07-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧན་གོའི་རྒྱལ་སྲུང་པུའུ་ཡིས་ཚེས་བཅུ་བདུན་ཉིན་ཁྱབ་སྒྲོག་བྱས་དོན། ཧན་གོ་དང་ཁྲའོ་ཞན་རྒྱལ་ཁབ་གཉིས་ཀྱི་དམག་དོན་སྡེ་ཁག་གི་འབད་བརྩོན་འོག ཁྲའོ་ཞན་ཕྱེད་གླིང་ནུབ་ཕྱོགས་མཚོ་ཁོངས་སུ་ཡོད་པའི་ཧན་གོ་དང་ཁྲའོ་ཞན་གྱི་དམག་དོན་འཕྲིན་གཏོང་སྐུད་ལམ་དེ་ཚེས་བཅུ་དྲུག་ཉིན་ཕྱོགས་ཡོངས་ནས་སླར་གསོ་བྱུང་ཡོད་ཟེར།

ཧན་གོའི་རྒྱལ་སྲུང་པུའུ་ཡིས་བཤད་རྒྱུར། ད་ལོའི་ཟླ་དང་པོའི་ཚེས་དགུའི་ཉིན་ཧན་གོ་དང་ཁྲའོ་ཞན་གྱིས་མཐོ་རིམ་གྲོས་མོལ་སྤེལ་རྗེས། མཚོ་ཁོངས་དེའི་ཧན་གོ་དང་ཁྲའོ་ཞན་གྱི་དམག་དོན་འཕྲིན་གཏོང་སྐུད་ལམ་སླར་གསོ་བྱས་ཏེ་ཁ་པར་གཏོང་ཐུབ་པར་བྱས་ཡོད། ད་ལྟ་སྔར་ལས་ལྷག་པའི་སྒོ་ནས་སྐུད་ལམ་ཚང་མ་སླར་གསོ་བྱས་པས་ཁ་པར་གཏོང་བ་དང་ཡིག་ཆ་བརྒྱུད་བསྐུར་བྱེད་པ་སོགས་རྒྱུན་ལྡན་དུ་བེད་སྤྱོད་བྱེད་ཐུབ་པ་རེད།

ཧན་གོའི་རྒྱལ་སྲུང་པུའུ་ཡིས་ད་རུང་བཤད་རྒྱུར། ཕྱོགས་ཡོངས་ནས་འཕྲིན་གཏོང་སྐུད་ལམ་དེ་སླར་གསོ་བྱེད་ཆེད། ཧན་གོའི་སྲིད་གཞུང་གིས་ཁྲའོ་ཞན་ལ་གློག་སྐུད་བརྒྱུད་གཏོང་སྒྲིག་ཆས་དང་བརྒྱུད་བསྐུར་འཕྲུལ་ཆས་སོགས་འདོན་སྤྲོད་བྱས། བྱེད་ཐབས་དེར་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་དང་ཨ་མེ་རི་ཁའི་གྲོས་མོལ་ནས་གྲོས་འཆམ་བྱུང་ཡོད་ཟེར།

ཧན་གོའི་རྒྱལ་སྲུང་པུའུ་ཡིས་བསྟན་དོན། ནུབ་ཕྱོགས་མཚོ་ཁོངས་ཀྱི་དམག་དོན་འཕྲིན་གཏོང་ལམ་ཐིག་སླར་གསོ་བྱེད་པ་ནི་པན་མིན་མགྲོན་ཁང་གི་བསྒྲགས་གཏམ་ལག་བསྟར་བྱེད་པའི་ལས་རིམ་ཞིག་ཡིན་པ་དང་། ཧན་གོ་དང་ཁྲའོ་ཞན་གྱི་དམག་དོན་ཛ་དྲག་གནས་བབ་ཞི་འཇགས་སུ་གཏོང་བ་དང་ཡིད་ཆེས་སླར་གསོ་བྱེད་པའི་ཐད་ངོ་བོ་རང་བཞིན་ལྡན་པའི་ནུས་པ་ཐོན་ཐུབ། དེ་མ་ཟད་སྔ་མོ་ནས་ཧན་གོ་དང་ཁྲའོ་ཞན་གྱི་དངོས་གཉེར་གྲོས་མོལ་སྤེལ་བར་བརྩོན་ལེན་བྱེད་པ་དང་ཕྱེད་གླིང་གི་ཤར་ཕྱོགས་མཚོ་ཁོངས་ཀྱི་དམག་དོན་འཕྲིན་གཏོང་སྐུད་ལམ་སླར་གསོ་བྱེད་པའི་གནད་དོན་ཐག་གཅོད་བྱེད་པར་བརྩོན་ལེན་བྱེད་ཐུབ་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།