ཀྲུང་གོ་བོད་ཀྱི་དྲ་བ།

ཨ་མེ་རི་ཁ་དང་ཨུ་རུ་སིའི་ཙུང་ཐུང་གིས་བལྟས་ན་ཐོག་དང་པོའི་དངོས་གཞིའི་གྲོས་མོལ་ལ་གྲུབ་འབྲས་ལྡན་པར་འདོད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-07-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 7月16日,在芬兰首都赫尔辛基,美国总统特朗普(左)和俄罗斯总统普京出席联合记者会。.jpg

ཟླ7པའི་ཚེས16ཉིན། ཧྥུན་ལན་གྱི་རྒྱལ་ས་ཧི་ཨར་ཞིན་ཅི་ནས། ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་དང་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གཉིས་མཉམ་དུ་གསར་འགོད་པའི་སྣེ་ལེན་ཚོགས་འདུར་ཞུགས་བཞིན་པ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་དང་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཚེས་བཅུ་དྲུག་ཉིན་ཧྥུན་ལན་གྱི་རྒྱལ་ས་ཧི་ཨར་ཞིན་ཅི་ནས་གྲོས་མོལ་བྱས། ཕྱོགས་གཉིས་ཀྱིས་བསྟན་དོན། ཐོག་དང་པོའི་དངོས་གཞིའི་གྲོས་མོལ་ལ་གྲུབ་འབྲས་ལྡན་པ་དང་། ཨ་མེ་རི་ཁ་དང་ཨུ་རུ་སི་ཡིས་མུ་མཐུད་དུ་གྲོས་མོལ་བྱེད་རྒྱུ་ཡིན་ཟེར།

ཐི་ལིང་ཕུའུ་དང་ཕུའུ་ཅིན་གྱིས་ཚེས་བཅུ་དྲུག་ཉིན་ཧྥུན་ལན་གྱི་ཙུང་ཐུང་བཞུགས་ཤག་ནས་དུས་ཚོད་འགའི་རིང་གསང་བའི་གྲོས་མོལ་བྱས། གྲོས་མོལ་བྱས་རྗེས་མཉམ་འབྲེལ་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུ་བསྡུས་ཏེ། གྲོས་མོལ་གྱི་གྲུབ་འབྲས་མཚམས་སྦྱོར་བྱས་པར་མ་ཟད་གསར་འགོད་པའི་དྲི་བར་ལན་བཏབ།

མཉམ་འབྲེལ་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་ཐི་ལིང་ཕུའུ་ཡིས་བཤད་རྒྱུར། ཁོ་དང་ཕུའུ་ཅིན་གྱིས་ཨུ་རུ་སི་ཡིས་ཉིས་སྟོང་བཅུ་དྲུག་ལོའི་ཨ་མེ་རི་ཁའི་ཙུང་ཐུང་འདེམ་བསྐོ་ལ་ཐེ་གཏོགས་བྱས་པའི་གནད་དོན་དང་ཁྲའོ་ཞན་ཕྱེད་གླིང་གི་ཉིང་རྡུལ་ནུས་པའི་གནད་དོན། འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་བའི་གནད་དོན། དབྱི་ལིང་དང་སི་རི་ཡཱའི་གནས་བབ་སོགས་ལ་གྲོས་བསྡུར་བྱས་ཟེར།

ཐི་ལིང་ཕུའུ་ཡིས་བཤད་རྒྱུར། ཕྱོགས་གཉིས་ཀྱི་གྲོས་མོལ་ལ་གྲུབ་འབྲས་བཟང་བོ་ཐོབ་ཡོད་པ་དང་། རྒྱལ་ཁབ་གཉིས་ཀྱི་རྒྱལ་ཁབ་བདེ་འཇགས་ཨུ་ཡོན་ལྷན་ཁང་གིས་མུ་མཐུད་དུ་གནད་དོན་དེ་དག་ལ་གྲོས་མོལ་བྱེད་རྒྱུ་ཡིན། དེ་རིང་གི་གྲོས་མོལ་ནི་བརྒྱུད་རིམ་རིང་མོ་ཞིག་མགོ་བརྩམས་པ་ཙམ་ཡིན་ཟེར།

ཕུའུ་ཅིན་གྱིས་བཤད་རྒྱུར། ཁོ་རང་ཐེངས་འདིའི་གྲོས་མོལ་ལ་ཡིད་ཚིམས་ཡོད་པ་དང་། གྲོས་མོལ་ཐེངས་གཅིག་གིས་རྒྱལ་ཁབ་གཉིས་བར་གྱི་གནད་དོན་ཚང་མ་ཐག་གཅོད་བྱེད་མི་ཐུབ་ཀྱང་། དེ་ནི་ཡང་དག་པའི་ཕྱོགས་ཀྱི་བསྐྱོད་པའི་གོམ་པ་དང་པོ་ཡིན་ཟེར།

ཕུའུ་ཅིན་གྱིས་བསྟན་དོན། ཁོ་དང་ཐི་ལིང་ཕུའུ་ཡིས་ལྷག་བསམ་རྣམ་དག་གི་སྣང་ཚུལ་ཁྲོད་དུ་གྲོས་མོལ་བྱས་པ་དང་། ཕྱོགས་གཉིས་ཀྱིས་ད་རུང་རྒྱལ་ཁབ་གཉིས་ཀྱི་ཉིང་རྡུལ་དམག་འཕྲིའི་ཚོད་འཛིན་དང་ཉོ་ཚོང་དངུལ་གཏོང་མཉམ་ལས་སོགས་གནད་དོན་ལ་གྲོས་བསྡུར་བྱས་ཟེར།

ཨུ་རུ་སི་ཡིས་ཉིས་སྟོང་བཅུ་དྲུག་ལོའི་ཨ་མེ་རི་ཁའི་ཙུང་ཐུང་འདེམ་བསྐོའི་བྱ་འགུལ་ལ་ཐེ་གཏོགས་བྱས་པའི་གནད་དོན་ཐད་ནས་ཕུའུ་ཅིན་གྱིས་ཨུ་རུ་སིའི་ཕྱོགས་ཀྱིས་ཨ་མེ་རི་ཁའི་ནང་སྲིད་ལས་དོན་ལ་ཐེ་གཏོགས་གཏན་ནས་བྱས་མྱོང་མེད་པ་ནན་བཤད་བྱས། ཕུའུ་ཅིན་གྱིས་བསྟན་དོན། གནད་དོན་དེར་རྟོག་ཞིབ་བྱེད་པའི་འགན་ཁུར་བའི་ཨ་མེརི་ཁའི་དམིགས་བསལ་ཞིབ་དཔྱོད་དཔོན་པོས་རྒྱལ་ཁབ་གཉིས་ཀྱི་ཉེས་དོན་རོགས་འདེགས་ཆིངས་ཡིག་གཞིར་བཟུང་སྟེ་ཨུ་རུ་སིའི་ཕྱོགས་ལ་ཁྲིམས་འཛིན་རོགས་སྐྱོར་གྱི་རེ་བ་ཞུས་ཆོག་པ་དང་། ཨུ་རུ་སིའི་ཕྱོགས་ཀྱིས་དེར་འབྲེལ་མི་སྣར་འདྲི་གཅོད་བྱས་རྗེས་འབྲེལ་ཡོད་རྒྱུ་ཆ་ཨ་མེ་རི་ཁར་སྤྲད་ཆོག་ཟེར།

ཐི་ལིང་ཕུའུ་ཡིས་བསྟན་དོན། ཁོས་བལྟས་ན་ཨུ་རུ་སི་ཡིས་ཉིས་སྟོང་བཅུ་དྲུག་ལོའི་ཨ་མེ་རི་ཁའི་ཙུང་ཐུང་འདེམ་བསྐོ་ལ་ཐེ་གཏོགས་བྱས་པར་ཐག་བཅད་པར་རྒྱུ་མཚན་མེད་པར་འདོད།

ཚེས་བཅུ་དྲུག་ཉིན་གྱི་ཞོགས་པར། ཐི་ལིང་ཕུའུ་ཡིས་ཧྥུན་ལན་གྱི་ཙུང་ཐུང་ནེ་ནེ་སི་ཐའོ་དང་གྲོས་མོལ་བྱས།

ཚེས་བཅོ་ལྔ་ཉིན་གྱི་དགོང་མོར། ཐི་ལིང་ཕུའུ་ཧི་ཨར་ཞིན་ཅི་རུ་འབྱོར་བ་དང་། དེའི་སྔོན་ཁོ་པུ་ལི་ཧྲིའི་པུའུ་ལུའུ་སེར་ནས་སྤེལ་བའི་བྱང་ཆིངས་རྩ་འཛུགས་ཀྱི་མཐོ་རིམ་གྲོས་ཚོགས་ལ་ཞུགས་པར་མ་ཟད་དབྱིན་ཇི་ལ་འཚམས་འདྲི་བྱས་པ་རེད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།