ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཕཱ་ཁི་སི་ཐན་ནས་བྱུང་བའི་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་ལ་རྒོལ་གཏམ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-07-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཚེས་བཅུ་བཞིའི་ཉིན་གསལ་སྒྲོག་སྤེལ་ཏེ། ཁ་ཚིག་དྲག་པོས་ཚེས་བཅུ་གསུམ་ཉིན་ཕཱ་ཁི་སི་ཐན་ལྷོ་ནུབ་ཕྱོགས་ཀྱི་པུས་ལུའུ་ཀྲི་ཞིང་ཆེན་ནས་བྱུང་བའི་རང་སྲོག་གཅོད་པའི་འགས་གཏོར་འཇབ་རྒོལ་དོན་རྐྱེན་ལ་རྒོལ་གཏམ་བཏང་བ་དང་། འདས་པོའི་ཁྱིམ་མི་དང་ཕཱ་ཁི་སི་ཐན་སྲིད་གཞུང་ལ་སྙིང་ཐག་པ་ནས་འཚམས་འདྲི་བྱས།

བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གསལ་སྒྲོག་ལས་ངེས་པར་དུ་རིགས་དེ་མཚུངས་ཀྱི་འཇིགས་སྐུལ་རིང་ལུགས་བྱ་སྤྱོད་ཀྱི་ལག་བསྟར་མཁན་དང་རྩ་འཛུགས་མཁན། རོགས་སྐྱོར་མཁན། རྒྱབ་སྐྱོར་མཁན་བཅས་ཁྲིམས་ལ་སྦྱོར་དགོས་པའི་ནན་བཤད་བྱས་པ་དང་། ཞོར་དུ་རྒྱལ་ཁབ་ཚང་མས་རྒྱལ་སྤྱིའི་བཅའ་ཁྲིམས་དང་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་འབྲེལ་ཡོད་གྲོས་ཆོད་ཀྱི་གཏན་འཁེལ་ལྟར་དུ། ཕཱ་ཁི་སི་ཐན་སྲིད་གཞུང་དང་འབྲེལ་ཡོད་ཀྱི་ཕྱོགས་གཞན་པའི་བར་མཉམ་ལས་བཟང་བོ་བྱེད་དགོས་པའི་སྐུལ་མ་བཏང་།

བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་བསྐྱར་སྒྲོག་བྱས་དོན། རྣམ་པ་གང་རུང་གི་འཇིགས་སྐུལ་རིང་ལུགས་ཀྱིས་རྒྱལ་སྤྱིའི་ཞི་བདེ་དང་བདེ་འཇགས་ལ་འཇིགས་ཉེན་ཚབས་ཆེན་ཐེབས་ཡོད་པ་དང་། རྒྱལ་ཁབ་ཚང་མས་ངེས་པར་དུ་གང་ནུས་ཅི་ལྕོགས་ཀྱིས་འཇིགས་སྐུལ་རིང་ལུགས་བྱ་འགུལ་གྱིས་རྒྱལ་སྤྱིའི་ཞི་བདེ་དང་བདེ་འཇགས་ལ་འཇིགས་ཉེན་བཟོ་བར་སྔོན་འགོག་བྱེད་དགོས་ཟེར།

ཕཱ་ཁི་སི་ཐན་ལྷོ་ནུབ་ཕྱོགས་ཀྱི་པུས་ལུའུ་ཀྲི་ཞིང་ཆེན་གྱི་མའོ་སི་ཏུང་ས་ཁུལ་གྱི་ཆབ་སྲིད་འདུ་ཚོགས་སྤེལ་ས་ཞིག་ནས་ཚེས་བཅུ་གསུམ་ཉིན་རང་སྲོག་གཅོད་པའི་འགས་གཏོར་འཇབ་རྒོལ་དོན་རྐྱེན་བྱུང་བ་དང་། འཇབ་རྒོལ་དོན་རྐྱེན་དེ་ལས་མི་བརྒྱ་དང་ཉེར་བརྒྱད་རྐྱེན་ལམ་དུ་ཤོར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།