ཀྲུང་གོ་བོད་ཀྱི་དྲ་བ།

ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གིས་ཉིས་སྟོང་བཅོ་བརྒྱད་ལོའི་ཡོ་སྒོར་བཀོལ་བའི་ས་ཁུལ་གྱི་དཔལ་འབྱོར་འཕར་སྣོན་སྔོན་རྩིས་ཇེ་དམའ་རུ་གཏོང་སྲིད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-07-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གིས་ཚེས་བཅུ་གཉིས་ཉིན་སྤེལ་བའི་དབྱར་ཁའི་དཔལ་འབྱོར་རྒྱང་ལྟའི་སྙན་ཞུ་ལས་བཤད་རྒྱུར། ཨ་མེ་རི་ཁ་ལས་བྱུང་བའི་ཉོ་ཚོང་ཛ་དྲག་གི་གནས་བབ་དང་རྡོ་སྣུམ་གྱི་རིན་གོང་ཇེ་མཐོར་སོང་བ་སོགས་ཉེན་ཁའི་རྒྱུ་རྐྱེན་དབང་གིས། ཚོད་དཔག་བྱས་ན་ཉིས་སྟོང་བཅོ་བརྒྱད་ལོའི་ཡོ་སྒོར་བཀོལ་བའི་ས་ཁུལ་གྱི་དཔལ་འབྱོར་འཕར་ཚད་དེ་བརྒྱ་ཆའི་གཉིས་དང་གྲངས་ཆུང་གཅིག་ཡིན་པ་དང་། ཟླ་ལྔ་བར་སྔོན་དཔག་བྱས་པའི་བརྒྱ་ཆའི་གཉིས་དང་གྲངས་ཆུང་གསུམ་ལས་དམའ་སྲིད་ཟེར།

སྙན་ཞུ་ལས་ཚོད་དཔག་བྱས་པ་ལྟར་ན། ཉིས་སྟོང་བཅུ་དགུ་ལོར་ཡོ་སྒོར་བཀོལ་བའི་ས་ཁུལ་གྱི་དཔལ་འབྱོར་འཕར་ཚད་བརྒྱ་ཆའི་གཉིས་ཡིན་པ་དང་། ཟླ་ལྔ་བའི་སྔོན་རྩིས་དང་གཅིག་མཚུངས་ཡིན་སྲིད་ཟེར།

ཡོ་རོབ་གླིང་མནའ་འབྲེལ་གྱི་དཔལ་འབྱོར་དང་དངུལ་ལོར་ལས་དོན་ཨུ་ཡོན་མའོ་སི་ཁི་ཝེ་ཆི་ཡིས་བསྟན་དོན། གལ་ཏེ་ཉོ་ཚོང་ཛ་དྲག་གི་གནས་བབ་སྔར་ལས་ཚབས་ཆེན་དུ་གྱུར་ན། ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གིས་སྔར་ལས་ལྷག་པའི་སྒོ་ནས་དཔལ་འབྱོར་འཕར་སྣོན་གྱི་སྔོན་རྩིས་ཇེ་དམའ་རུ་གཏོང་སྲིད་ཟེར།

མའོ་སི་ཁི་ཝེ་ཆི་ཡིས་ཉེན་བརྡའི་ཚུལ་དུ་བཤད་རྒྱུར། གལ་ཏེ་ཨ་མེ་རི་ཁས་མུ་མཐུད་དུ་ཉོ་ཚོང་ཛ་དྲག་གི་གནས་བབ་ཇེ་སྡུག་ཏུ་འགྲོ་བར་སྐུལ་འདེད་བཏང་ན། ཡོ་རོབ་གླིང་མནའ་འབྲེལ་གྱི་དཔལ་འབྱོར་ལ་ཤུགས་རྐྱེན་ཐེབས་སྲིད་པར་མ་ཟད། ཨ་མེ་རི་ཁའི་དཔལ་འབྱོར་ལའང་ཤུགས་རྐྱེན་མི་ལེགས་པ་ཐེབས་སྲིད་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།