ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོས་ཕྱོགས་མང་རིང་ལུགས་ཀྱི་གལ་ཆེན་རང་བཞིན་ནན་བཤད་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-07-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཚེས་བཅུ་གཉིས་ཉིན་ཕྱོགས་མང་རིང་ལུགས་དང་སྒྲིག་སྲོལ་ལ་གཞིར་བཅོལ་བའི་རྒྱལ་སྤྱིའི་འབྲེལ་བ་དེ་འཛམ་གླིང་ཡོངས་ཀྱི་འགྲན་རྩོད་ཐག་གཅོད་བྱེད་པའི་གལ་ཆེན་རང་བཞིན་ནན་བཤད་བྱས།

ཀུའུ་ཐི་ལོས་སི་ཡིས་ཉིན་དེར་གསར་འགོད་པའི་སྣེ་ལེན་ཚོགས་འདུ་བསྡུས་ཏེ། གསར་འགོད་པས་བཏོན་པའི་རྒྱལ་ཁབ་རེ་འགའ་དང་། ཁྱད་པར་དུ་ཨ་མེ་རི་ཁས་འཛམ་གླིང་འཁྲུག་ཆེན་གཉིས་པའི་ཚུན་གྱི་རྒྱལ་སྤྱིའི་སྒྲིག་སྲོལ་ལ་གཏོར་བརླག་བྱས་པའི་གནད་དོན་ལ་སེམས་ཁུར་བྱེད་མིན་ལ་ལན་བཏབ།

ཀུའུ་ཐི་ལོས་སི་ཡིས་བཤད་རྒྱུར། འཛམ་གླིང་མི་དམངས་ཀྱིས་སྔར་བཞིན་མཉམ་འབྲེལ་རྒྱལ་ཚོགས་དེ་འཛམ་གླིང་གི་ཞི་བདེ་དང་བདེ་འཇགས་སྲུང་སྐྱོབ་བྱེད་པའི་ཆེས་གལ་ཆེ་བའི་ཕྱོགས་མང་རིང་ལུགས་ཀྱི་ཡོ་བྱད་ཅིག་དང་། འཕེལ་རྒྱས་དང་འགྲོ་མིའི་ཐོབ་ཐང་གི་གཞུང་རྟ་ལྟ་བུ་ཞིག་ཏུ་བསམ་ཡོད་པར་ཡིད་ཆེས་ཡོད་ཟེར།

ཁོས་བཤད་རྒྱུར། རྒྱལ་ཁབ་སོ་སོའི་མདུན་དུ་ལྷགས་པའི་འགྲན་རྩོད་ལ་སྔར་ལས་ལྷག་པའི་འཛམ་གླིང་ཡོངས་ཀྱི་ངོ་བོ་ལྡན་ཞིང་། ཕྱོགས་མང་བཅོས་སྐྱོང་དང་སྒྲིག་སྲོལ་ལ་གཞིར་བཅོལ་བའི་རྒྱལ་སྤྱིའི་འབྲེལ་བ་དེས་ད་གཟོད་འགྲན་རྩོད་དེ་དག་ཐག་གཅོད་བྱེད་ཐུབ། འཛམ་གླིང་ཕྱོགས་མང་རིང་ལུགས་མ་ལག་དང་སྒྲིག་སྲོལ་ལ་གཞིར་བཅོལ་བའི་རྒྱལ་སྤྱིའི་འབྲེལ་བར་འབྲལ་ཐབས་མེད་ཟེར།

ཀུའུ་ཐི་ལོས་སི་ཡིས་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བཅོས་བསྒྱུར་བྱེད་དགོས་ཀྱང་། བཅོས་བསྒྱུར་གྱི་དམིགས་འབེན་ནི་ཕྱོགས་མང་རྐྱེན་སྲོལ་ཇེ་དྲག་ཏུ་བཏང་སྟེ། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཕན་ནུས་ལྡན་པའི་སྒོ་ནས་རྒྱལ་ཁབ་སོ་སོའི་མི་དམངས་ཀྱི་དགོས་མཁོ་དང་རེ་འདུན་བསྐང་དགོས་ཟེར།

མཉམ་འབྲེལ་རྒྱལ་ཚོགས་དང་ཨ་མེ་རི་ཁའི་འབྲེལ་བ་གླེང་སྐབས། ཀུའུ་ཐི་ལོས་སི་ཡིས་བཤད་རྒྱུར། ཕྱོགས་གཉིས་བར་ཁྱབ་ཁོངས་རེ་འགར་འགལ་བ་ཡོད་ཀྱང་། ཁྱབ་ཁོངས་གཞན་དག་རེ་འགའ་ནས་མཉམ་ལས་བྱེད་ཐུབ། གཙོ་བོ་ནི་འགལ་བས་ཕྱོགས་གཉིས་ཀྱི་འབྲེལ་བར་རྙོག་འཛིང་བཟོ་བར་སྔོན་འགོག་བྱེད་པ་དང་། ཞོར་དུ་མཉམ་ལས་ཁྱབ་ཁོངས་ནས་བྱུང་བའི་གོ་སྐབས་དམ་འཛིན་བྱེད་དགོས་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།