ཀྲུང་གོ་བོད་ཀྱི་དྲ་བ།

ཐི་ལིང་ཕུའུ་ཡིས་དམག་དོན་གྲོན་དངུལ་དང་དཔལ་འབྱོར་ཉོ་ཚོང་གནད་དོན་ཐད་ནས་ཡོ་རོབ་གླིང་གི་རྒྱལ་ཁབ་ལ་སྐྱོན་བརྗོད་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-07-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ཡིས་ཚེས་བཅུའི་ཉིན་དམག་དོན་གྲོན་དངུལ་དང་དཔལ་འབྱོར་ཉོ་ཚོང་གནད་དོན་ཐད་ནས་ཡང་བསྐྱར་ཡོ་རོབ་གླིང་གི་རྒྱལ་ཁབ་ལ་སྐྱོན་བརྗོད་བྱས་པ་དང་། ཨ་མེ་རི་ཁས་བྱང་ཆིངས་རྩ་འཛུགས་ལ་ཁག་ཁུར་བྱས་པའི་དམག་དོན་གྲོན་དངུལ་མང་དྲགས་པར་འདོད།

ཕོ་བྲང་དཀར་པོའི་གསར་འགོད་ཚོགས་པས་འདོན་སྤྲོད་བྱས་པའི་ཡུལ་དངོས་ཀྱི་བརྙན་རིས་ལྟར་ན། ཐི་ལིང་ཕུའུ་ཉིན་དེར་པུའུ་ལུའུ་སེར་དུ་བྱང་ཆིངས་རྩ་འཛུགས་ཀྱི་མཐོ་རིམ་གྲོས་ཚོགས་ལ་ཞུགས་པར་ཆས་པའི་སྐབས་སུ་བསྟན་དོན། འགོག་སྲུང་གནད་དོན་ཐད་ནས་ཨ་མེ་རི་ཁས་བྱང་ཆིངས་རྩ་འཛུགས་ལ་བྱས་རྗེས་ཆེན་པོ་བཞག་ཡོད་པ་དང་། ཉུང་མཐར་ཡང་བརྒྱ་ཆའི་བདུན་ཅུའི་འགྲོ་སོང་ཁག་ཁུར་བྱས་ཡོད། ཡོ་རོབ་གླིང་རྒྱལ་ཁབ་དག་གིས་འགྲོ་སོང་བཏང་བ་ཧ་ཅང་ཉུང་། རང་ཉིད་ཀྱིས་ཐེངས་འདིར་རྒྱལ་ཁབ་དེ་དག་བར་གྲོས་མོལ་བྱས་ཏེ་ཐག་གཅོད་བྱེད་ཐབས་འཚོལ་ཞིབ་བྱེད་རྒྱུ་ཡིན་ཟེར། དཔལ་འབྱོར་ཉོ་ཚོང་གནད་དོན་ཐད་ཨ་མེ་རི་ཁའི་ན་ནིང་གི་ཡོ་རོབ་གླིང་མནའ་འབྲེལ་གྱི་ཉོ་ཚོང་བར་ཁྱད་མེ་སྒོར་ཁྲག་གཅིག་གཅིག་དང་ཐེར་ཆེན་ལྔ་ཐེར་འབུམ་གཅིག་ལ་བསླེབ་ཡོད། དེ་ལས་ཡོ་རོབ་གླིང་མནའ་འབྲེལ་གྱིས་ཨ་མེ་རི་ཁ་བེད་སྤྱོད་བྱེད་བཞིན་པ་གསལ་བོར་མཚོན་ཡོད་ཟེར།

བྱང་ཆིངས་རྩ་འཛུགས་ཀྱི་མཐོ་རིམ་གྲོས་ཚོགས་ལ་ཞུགས་རྗེས། ཐི་ལིང་ཕུའུ་ཡིས་དབྱིན་ཇི་རུ་འཚམས་འདྲི་བྱེད་རྒྱུ་མ་ཟད། ཧྥུན་ལན་གྱི་རྒྱལ་ས་ཧི་ཨར་ཞིན་ཅི་ནས་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་དང་གྲོས་མོལ་བྱེད་རྒྱུ་རེད། ཐི་ལིང་ཕུའུ་ཡིས་བསྟན་དོན། བྱང་ཆིངས་རྩ་འཛུགས་ནང་ཁུལ་གྱི་གནད་དོན་རབ་དང་རིམ་པ་དང་། དབྱིན་ཇིའི་མཐོ་རིམ་དཔོན་པོ་མང་བོས་ལས་ཁུར་དགོངས་ཞུ་བྱས་ཏེ་ཟང་ཟིང་གི་རྣམ་པ་དང་བསྡུར་ན། ཨུ་རུ་སི་ནི་ཐེངས་འདིའི་འགྲུལ་བཞུད་ཁྲོད་གནད་དོན་ཅུང་སླ་མོ་ཞིག་ཡིན་ཡང་སྲིད་ཟེར། ཁོས་བསྟན་དོན། ཨུ་རུ་སི་ནི་ཨ་མེ་རི་ཁའི་འགྲན་ཡ་ཡིན་པ་དང་། རྒྱལ་ཁབ་གཉིས་འཆམ་མཐུན་མཉམ་གནས་བྱས་ནས་གནོད་པ་ཡོད་མི་སྲིད་ཀྱང་། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་ནི་དགྲ་གྲོགས་གང་ཡིན་མིག་སྔར་ད་རུང་གསལ་བོར་མི་ཤེས་ལ། རང་ཉིད་ཀྱིས་ཕུའུ་ཅིན་དང་གྲོས་མོལ་བྱས་པའི་གནས་ཚུལ་ལ་གཞིགས་ནས་ཐག་གཅོད་བྱེད་དགོས་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།