ཀྲུང་གོ་བོད་ཀྱི་དྲ་བ།

བསྟུད་མར་ཉིན་འགའི་རིང་དྲག་ཆར་བབས་ཏེ་མི་སྣར་ཤི་རྨས་ཚབས་ཆེན་བཟོས་པས་འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨན་པའེ་ཅིན་གྱིས་རྒྱལ་ཁབ་གཞན་པའི་འཚམས་འདྲིའི་འཆར་གཞི་རྩིས་མེད་དུ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-07-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  བསྟུད་མར་ཉིན་འགའི་རིང་དྲག་ཆར་བབས་པའི་དབང་གིས་འཇར་པན་རྒྱལ་ཡོངས་སུ་མི་བརྒྱ་དང་བཅུ་གཉིས་རྐྱེན་ལམ་དུ་ཤོར་བ་དང་། མི་གསུམ་ལ་རྨས་སྐྱོན་ཚབས་ཆེན་བྱུང་ཡོད། གཞན་ཡང་མི་དོན་དགུ་གར་སོང་རྙེད་མེད། འདས་པོའི་ཁ་གྲངས་ཆེས་མང་བ་ནི་ཀོང་ཏའོ་རྫོང་ཡིན་པ་དང་མི་ཞེ་བཞི་རྐྱེན་ལམ་དུ་ཤོར། དེ་མིན་ཀང་ཧྲན་རྫོང་དང་ཨེ་ཡོན་རྫོང་ནས་སོ་སོར་མི་ཉེར་དྲུག་དང་ཉེར་ལྔ་རྐྱེན་ལམ་དུ་ཤོར་བ་རེད།

བསྒྲགས་པ་ལྟར་ན། ལོ་རྒྱུས་ཟིན་ཐོ་ལས་བརྒལ་བའི་དྲག་ཆར་གྱིས་འཇར་པན་གྱི་ས་ཁུལ་སོ་སོར་གནོད་འཚེ་ཆེན་པོ་བཟོས་པའི་དབང་གིས། འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨན་པའེ་ཅིན་གྱིས་སྔོན་ལ་གནོད་འཚེའི་གནད་དོན་ཐག་གཅོད་བྱེད་ཆེད། ཚེས་བཅུ་གཅིག་ཉིན་ནས་བཟུང་པུ་ལི་ཧྲི་དང་ཧྥ་རན་སི། སོ་ཏི་ཨ་རབ། ཨེ་ཅིབ་བཅས་རྒྱལ་ཁབ་བཞི་ལ་འཚམས་འདྲི་བྱེད་པའི་འཆར་གཞི་རྩིས་མེད་དུ་བཏང་།

མེ་གསོད་ལས་ཁུངས་ཀྱིས་མཚམས་སྦྱོར་བྱས་པ་ལྟར་ན། ཚེས་བརྒྱད་ཉིན་གྱི་དགོང་མོའི་བར་ས་ཁུལ་སོ་སོའི་ཉེན་ཡོལ་ཁང་དུ་ཉུང་མཐར་ཡང་མི་ཁྲི་གཉིས་དང་སྟོང་གསུམ་གྱིས་ཉེན་ཡོལ་བྱེད་བཞིན་ཡོད་པ་རེད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།