འཛམ་གླིང་གྲོང་ཁྱེར་མཐོ་རིམ་གྲོས་ཚོགས་ཀྱི་ཧྲི་ཀྲང་གླེང་སྟེགས་དེ་སིང་ག་ཕོར་ནས་སྤེལ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  འཛམ་གླིང་གྲོང་ཁྱེར་མཐོ་རིམ་གྲོས་ཚོགས་ཀྱི་ཧྲི་ཀྲང་གླེང་སྟེགས་ཚེས་བརྒྱད་ཉིན་སིང་ག་ཕོར་ནས་སྤེལ། གླེང་སྟེགས་ལ་ཞུགས་མཁན་གྱིས་བླ་འོག་བརྗེ་བའི་གསར་གཏོད་བྱེད་ཐབས་ལ་བརྟེན་ནས་ཇི་ལྟར་གྲོང་ཁྱེར་འཛུགས་སྐྲུན་བྱེད་པ་དང་། གྲོང་ཁྱེར་གྱི་རྨང་གཞིའི་སྒྲིག་ཆས་ལས་གཞིའི་ཐད་ཇི་ལྟར་མ་དངུལ་གསོག་པ་སོགས་གྲོས་གཞིའི་ཐད་ནས་གྲོས་བསྡུར་བྱས།

སིང་ག་ཕོར་རྒྱལ་ཁབ་འཕེལ་རྒྱས་པུའུ་ཡི་པུའུ་ཀྲང་དང་ནོར་སྲིད་པུའུ་ཡི་པུའུ་ཀྲང་གཞོན་པའི་འགན་གཅིག་ལྕོགས་སུ་ཁུར་མཁན་ཧོང་ཞོན་ཚེ་ཡིས་ཞུ་ཚིག་ཕུལ་ཏེ། གྲངས་ལྡན་ཅན་དང་གཞི་གྲངས་ཆེན་མོ། མིས་བཟོས་རིག་ནུས་སོགས་མྱུར་མོར་འཕེལ་རྒྱས་སུ་སོང་བའི་ལག་རྩལ་གསར་བས་མི་རྣམས་ཀྱིས་ཡང་བསྐྱར་བསམ་གཞིགས་བཏང་སྟེ་གྲོང་ཁྱེར་འཛུགས་སྐྲུན་བྱེད་དགོས་པ་དང་། གྲོང་ཁྱེར་གྱི་འཕེལ་རྒྱས་དང་འཆར་འགོད་སོགས་ཕྱོགས་མང་བོ་ནས་ནུས་པ་ཆེན་པོ་འདོན་སྤེལ་བྱེད་དགོས་ཟེར། ཁོས་བཤད་རྒྱུར། བློ་གྲོས་ཅན་གྱི་གྲོང་ཁྱེར་ནི་ཕྱིན་ཆད་གྲོང་ཁྱེར་འཕེལ་རྒྱས་ཀྱི་རྒྱུན་བཀོལ་མིང་བརྡ་ཡིན་ཡང་། དེ་ནི་ཁ་གཡང་ཙམ་མ་ཡིན་པར་རྩ་འཛུགས་འདུ་ཤེས་གལ་ཆེན་ཞིག་ཡིན་པ་དང་། གྲོང་ཁྱེར་འཕེལ་རྒྱས་ལ་ཡར་སྐུལ་གཏོང་བའི་ཁེ་ཕན་ལ་འབྲེལ་བའི་ཕྱོགས་མི་འདྲ་བ་སོ་སོས་ཕན་ནུས་ལྡན་པའི་སྒོ་ནས་ལག་རྩལ་བེད་སྤྱོད་བྱས་ཏེ་གྲོང་ཁྱེར་འཛུགས་སྐྲུན་བྱེད་ཐུབ་ཟེར།

འཛམ་གླིང་གྲོང་ཁྱེར་མཐོ་རིམ་གྲོས་ཚོགས་ཀྱི་ཧྲི་ཀྲང་གླེང་སྟེགས་ནི་ཧྲི་ཀྲང་དང་གྲོང་ཁྱེར་གྱི་མགོ་ཁྲིད་པ་དག་གིས་གྲོང་ཁྱེར་གྱི་མདུན་དུ་ལྷགས་པའི་འགྲན་རྩོད་གཙོ་བོར་གྲོས་བསྡུར་བྱེད་པ་དང་། ཆེས་ལེགས་པའི་ལག་ལེན་ཉམས་མྱོང་མཉམ་སྤྱོད་བྱེད་པའི་འཛམ་གླིང་རང་བཞིན་གྱི་སྟེགས་བུ་གལ་ཆེན་ཞིག་རེད། ཐེངས་འདིའི་གླེང་སྟེགས་ལ་བསྡོམས་པས་འཛམ་གླིང་ཡོངས་ཀྱི་གྲོང་ཁྱེར་བརྒྱ་དང་བཅུ་བདུན་ནས་ཡོང་བའི་ཧྲི་ཀྲང་དང་འཐུས་མི་བརྒྱ་དང་ཉེར་གཉིས་ཞུགས་ཡོད།

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།