མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སི་རི་ཡཱའི་ལྷོ་ནུབ་ཕྱོགས་ཀྱི་གནས་བབ་ལ་དོ་སྣང་ཆེན་པོ་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་སྔོན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་དང་འབྲེལ་ཡོད་ཕྱོགས་སོ་སོས་གཅིག་རྗེས་གཉིས་མཐུད་དུ་སི་རི་ཡཱའི་ལྷོ་ནུབ་ཕྱོགས་ཀྱི་ཉིན་རེར་ཇེ་སྡུག་ཏུ་འགྲོ་བཞིན་པའི་བདེ་འཇགས་གནས་བབ་དང་མི་ཆོས་རིང་ལུགས་ཀྱི་ཉམས་ཉེན་ལ་དོ་སྣང་ཆེན་པོ་བྱེད་པའི་རྣམ་འགྱུར་བསྟན་པར་མ་ཟད། ཕྱོགས་སོ་སོས་འཐབ་འཁྲུག་གི་གནོད་པ་ཐེབས་པའི་མི་སེར་དཀྱུས་མར་སྲུང་སྐྱོབ་བྱས་ཏེ། ཁོ་ཚོར་དུས་ལྟར་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་འདོན་སྤྲོད་བྱེད་དགོས་པའི་འབོད་སྐུལ་བཏང་།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཚེས་ལྔ་ཉིན་ཡང་བསྐྱར་འབྲེལ་ཡོད་ཕྱོགས་སོ་སོས་མྱུར་དུ་དགྲར་འཛིན་འགུལ་སྐྱོད་མཚམས་བཞག་ནས་གྲོས་མོལ་སླར་གསོ་བྱེད་དགོས་པའི་འབོད་སྐུལ་བཏང་། ཁོས་འབྲེལ་ཡོད་ཕྱོགས་སོ་སོས་དགོས་ངེས་ཀྱི་བྱེད་ཐབས་གང་རུང་སྤྱད་དེ་རྒྱལ་སྤྱིའི་མི་ཆོས་རིང་ལུགས་ཀྱི་བཅའ་ཁྲིམས་དང་རྒྱལ་སྤྱིའི་འགྲོ་མིའི་ཐོབ་ཐང་བཅའ་ཁྲིམས་ལ་བརྩི་འཇོག་བྱེད་དགོས་པ་དང་། དུས་ནམ་ཡིན་ཡང་མི་སེར་དཀྱུས་མའི་ཚེ་སྲོག་བདེ་འཇགས་ལ་འགན་སྲུང་བྱས་ཤིང་ཁོ་ཚོའི་རང་དབང་འགུལ་སྐྱོད་ལ་ཆོག་མཆན་གནང་ནས། སྨན་བཅོས་དང་སློབ་གསོའི་སྒྲིག་ཆས་འདུས་པའི་དམངས་སྤྱོད་སྒྲིག་ཆས་ལ་སྲུང་སྐྱོབ་བྱེད་དགོས་པའི་འབོད་སྐུལ་བཏང་། ཡིད་འཕང་བ་ཞིག་ལ་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཉིཉན་དེར་སི་རི་ཡཱའི་ལྷོ་ནུབ་ཕྱོགས་ཀྱི་གནས་བབ་དང་འབྲེལ་བའི་ཐག་གཅོད་ཇུས་གཞིར་གྲོས་མཐུན་འགོད་མ་ཐུབ།

མཉམ་འབྲེལ་རྒྱལ་ཚོགས་ཡུལ་གྱར་བའི་ལས་དོན་གྱི་མཐོ་རིམ་ཆེད་དོན་པ་ཀི་ལན་ཏིས་ཀྱིས་ཚེས་ལྔ་ཉིན་ཅོར་ཏན་གྱིས་སི་རི་ཡཱའི་ལྷོ་ནུབ་ཕྱོགས་ཀྱི་རྒྱལ་མཚམས་སྒོ་འབྱེད་བྱས་ཏེ་འཁྲུག་རྩོད་ཀྱི་ཀློང་དུ་ཚུད་པའི་མི་སེར་དཀྱུས་མར་སྲུང་སྐྱོབ་དང་རོགས་རམ་བྱེད་དགོས་པའི་འབོད་སྐུལ་བཏང་། ཀི་ལན་ཏིས་ཀྱིས་བཤད་རྒྱུར། རང་ཁྱིམ་དང་བྲལ་བའི་མི་རྣམས་ཀྱི་གྲས་སུ་བུད་མེད་དང་བྱིས་པ་མང་བོ་ཡོད་པ་དང་། ལོ་ལོན་དང་རྨས་མ། ནད་པ་བཅས་ཀྱང་མི་ཉུང་བ་ཡོད་ཟེར། ཁོས་ནན་གྱིས་བསྟན་དོན། མིག་སྔའི་ཁ་ཚ་དགོས་གཏུག་ནི་ཆབ་སྲིད་ལ་བརྟེན་ནས་འཁྲུག་རྩོད་ཐག་གཅོད་བྱེད་པའི་བྱེད་ཐབས་འཚོལ་ཞིབ་བྱས་ནས། མི་སེར་དཀྱུས་མར་སྔར་ལས་དཀའ་སྡུག་མང་བོ་མྱོང་དུ་འཇུག་པར་སྔོན་འགོག་བྱེད་དགོས་ཟེར།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།