ཀྲུང་གོ་བོད་ཀྱི་དྲ་བ།

ཡོ་རོབ་གླིང་མནའ་འབྲེལ་གྱིས་ཨུ་རུ་སིའི་དཔལ་འབྱོར་བཀག་སྡོམ་སང་ལོའི་ཟླ་དང་པོའི་བར་རྒྱུན་བསྲིངས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-07-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཡོ་རོབ་གླིང་མནའ་འབྲེལ་གྱིས་ཚེས་ལྔ་ཉིན་ཁྱབ་སྒྲོག་བྱས་དོན། ཨུ་རུ་སིའི་དཔལ་འབྱོར་བཀག་སྡོམ་དེ་ཉིས་སྟོང་བཅུ་དགུ་ལོའི་ཟླ་དང་པོའི་ཚེས་སོ་གཅིག་ཉིན་བར་རྒྱུན་བསྲིང་རྒྱུ་ཡིན་ཟེར།

ཡོ་རོབ་གླིང་མནའ་འབྲེལ་གྱིས་གསལ་སྒྲོག་ཅིག་གི་ནང་བཤད་རྒྱུར། ཟླ་དྲུག་པའི་ཚེས་ཉེར་བརྒྱད་ཉིན་ནས་ཚེས་ཉེར་དགུའི་ཉིན་བར་གྱི་ཡོ་རོབ་གླིང་མནའ་འབྲེལ་གྱི་མཐོ་རིམ་གྲོས་ཚོགས་སྐབས་སུ། ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་དང་འཇར་མན་གྱི་ཙུང་ལི་མའོ་ཁི་ཨར་གྱིས་ཡོ་རོབ་གླིང་ལས་འཛིན་ལྷན་ཚོགས་ལ་མེན་སི་ཁིའི་གྲོས་མཐུན་ལག་བསྟར་བྱས་པའི་གནས་ཚུལ་གསར་བ་མཚམས་སྦྱོར་བྱས་པ་དང་། ཡོ་རོབ་གླིང་མནའ་འབྲེལ་གྱིས་གནས་ཚུལ་དེ་གཞིར་བཟུང་ནས་ཨུ་རུ་སིའི་དཔལ་འབྱོར་བཀག་སྡོམ་ཡུན་ཚད་ཇེ་རིང་དུ་གཏོང་རྒྱུ་ཐག་བཅད་པ་རེད།

ཡོ་རོབ་གླིང་མནའ་འབྲེལ་གྱིས་ཨུ་རུ་སི་ལ་སྤྱད་པའི་དཔལ་འབྱོར་བཀག་སྡོམ་དེ་གཙོ་བོ་དངུལ་ལོར་དང་ནུས་ཁུངས། འགོག་སྲུང་། དམངས་དམག་གཉིས་སྤྱོད་ཀྱི་ཐོན་རྫས་ཁྱབ་ཁོངས་ལ་དམིགས་ཡོད། དེའི་ནང་དོན་ལ་ཨུ་རུ་སིའི་ནུས་ཁུངས་ཁེ་ལས་གསུམ་དང་། འགོག་སྲུང་ཁེ་ལས་གསུམ། རྒྱལ་དབང་དངུལ་ལོར་ལས་ཁུངས་ལྔ་དང་དེའི་ཡན་ལག་ཀུང་ཟི་བཅས་ཡོ་རོབ་གླིང་མནའ་འབྲེལ་གྱི་མ་རྩའི་ཚོང་རར་ཞུགས་པར་གཏན་འགོག་བྱེད་པ་དང་། ཡོ་རོབ་གླིང་མནའ་འབྲེལ་གྱིས་ཨུ་རུ་སིའི་བར་མཚོན་ཆ་ནང་འདྲེན་ཕྱིར་གཏོང་བྱེད་པའིི་ཉོ་ཚོང་གཏན་འགོག་བྱེད་པ། ཨུ་རུ་སི་ལ་རྡོ་སྣུམ་སྔོག་བཤེར་དང་ཐོན་སྐྱེད་ཁྱབ་ཁོངས་ཀྱི་ལག་རྩལ་དང་ཞབས་ཞུ་ཐོབ་པར་གཏན་འགོག་བྱེད་པ། ཨུ་རུ་སི་ལ་དམག་དོན་སྤྱོད་སྒོར་ཆོག་པའི་དམག་དམངས་གཉིས་སྤྱོད་ཀྱི་ཐོན་རྫས་ཕྱིར་གཏོང་བྱེད་པར་གཏན་འགོག་བྱེད་པ་བཅས་འདུས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།