ཀྲུང་གོ་བོད་ཀྱི་དྲ་བ།

ཡེ་མིན་སྲིད་གཞུང་དམག་དཔུང་གིས་ཧུའུ་སེ་དྲག་ཆས་པའི་མི་བསྡད་མེད་པའི་གནམ་གྲུ་ཞིག་སར་འཕངས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-07-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཡེ་མིན་སྲིད་གཞུང་དམག་དཔུང་གི་དཔོན་རིགས་ཀྱིས་ཚེས་ལྔ་ཉིན་བཤད་རྒྱུར། སྲིད་གཞུང་དམག་དཔུང་གིས་ཉིན་དེར་ཡེ་མིན་ལྷོ་ཕྱོགས་ཀྱི་གྲུ་ཁའི་གྲོང་ཁྱེར་ཡཱ་ཏེན་ནས་ཧུའུ་སེ་དྲག་ཆས་པའི་མི་བསྡད་མེད་པའི་གནམ་གྲུ་ཞིག་སར་འཕངས།

སྲིད་གཞུང་དམག་དཔུང་གི་མིང་བཤད་མི་འདོད་པའི་དཔོན་པོ་ཞིག་གིས་བཤད་རྒྱུར། ཧུའུ་སེ་དྲག་ཆས་པས་ཉིན་དེར་མི་བསྡད་མེད་པའི་གནམ་གྲུར་བརྟེན་ནས་སོ་ཏི་ཨ་རབ་ཀྱིས་མགོ་ཁྲིད་པའི་རྒྱལ་ཁབ་མང་བོའི་མཉམ་འབྲེལ་དམག་དཔུང་གི་ཡཱ་ཏེན་དུ་སྡོད་པའི་སྤྱི་ཁྱབ་པུའུ་ལ་དཔུང་འཇུག་བྱེད་རྩིས་བྱས་པ་དང་། དམག་ཕྱོགས་ཀྱིས་མི་བསྡད་མེད་པའི་གནམ་གྲུའི་དཔུང་འཇུག་ལ་བཀག་འགོག་བྱས་པར་མ་ཟད་གནམ་གྲུ་དེ་སར་འཕངས་ཟེར།

མིང་བཤད་མི་འདོད་པའི་ཡེ་མིན་བདེ་འཇགས་སྡེ་ཁག་གི་དཔོན་པོ་གཞན་ཞིག་གིས་བཤད་རྒྱུར། ཧུའུ་སེ་དྲག་ཆས་པའི་མི་བསྡད་མེད་པའི་གནམ་གྲུས་རྒྱལ་ཁབ་མང་བོའི་མཉམ་འབྲེལ་དམག་དཔུང་གི་ཡཱ་ཏེན་དུ་སྡོད་པའི་སྤྱི་ཁྱབ་པུའུ་ཡོད་སའི་སྲང་ལམ་དུ་འགས་གཏོར་བཏང་བ་དང་། མི་བསྡད་མེད་པའི་གནམ་གྲུས་མཉམ་འབྲེལ་དམག་དཔུང་གི་རྟེན་གཞིར་འཕུར་མདའ་གཉིས་གཏོང་འཕེན་བྱས་ཀྱང་། མི་སྣར་ཤི་རྨས་ཐེབས་མེད་ཟེར།

བསྒྲགས་པ་ལྟར་ན། ཧུའུ་སེ་དྲག་ཆས་པས་ཉིན་དེར་དཔུང་འཇུག་འཆར་གཞི་ལག་བསྟར་བྱས་པ་ཁས་ལེན་བྱས་པར་མ་ཟད། རྒྱལ་ཁབ་མང་བོའི་མཉམ་འབྲེལ་དམག་དཔུང་ལ་དམིགས་པའི་འཇབ་རྒོལ་དོན་རྐྱེན་སྔར་ལས་མང་བོ་སྤེལ་རྒྱུའི་འཇིགས་སྐུལ་བྱས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།