ཀྲུང་གོ་བོད་ཀྱི་དྲ་བ།

འཇར་མན་གྱི་ཙུང་ལིས་ཡོ་རོབ་གླིང་མནའ་འབྲེལ་གྱིས་མཉམ་དུ་ཡུལ་གྱར་བའི་གནད་དོན་ཐག་གཅོད་བྱེད་དགོས་པའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-07-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  འཇར་མན་གྱི་ཙུང་ལི་མའོ་ཁི་ཨར་གྱིས་ཚེས་བཞིའི་ཉིན་མནའ་འབྲེལ་ཏང་ནང་ཁུལ་ནས་ཡུལ་གྱར་བའི་སྲིད་ཇུས་ཐད་ནས་བཀོད་པའི་གྲོས་མཐུན་ལ་འགྲེལ་བཤད་བྱེད་སྐབས་བཤད་རྒྱུར། ཡུལ་གྱར་བའི་གནད་དོན་དེ་ཡོ་རོབ་གླིང་མནའ་འབྲེལ་གྱི་མ་འོངས་པར་འབྲེལ་བ་ཡོད་པར་བཤད་པ་དང་། ཡོ་རོབ་གླིང་མནའ་འབྲེལ་དང་རྒྱལ་ཁབ་གཞན་པས་མཉམ་དུ་དཀའ་གནད་དེ་ཐག་གཅོད་བྱེད་དགོས་པའི་འབོད་སྐུལ་བཏང་།

མའོ་ཁི་ཨར་གྱིས་ཉིན་དེར་འཇར་མན་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཁང་ནས་གཏམ་བཤད་སྤེལ་ཏེ། འཇར་མན་གྱིས་ཕྱོགས་གཅིག་ཅན་དང་མཐུན་སྦྱོར་ཡོང་ཐུབ་མེད་པ། གཞན་པའི་ཁེ་ཕན་ལ་གནོད་པའི་ཡུལ་གྱར་བའི་གནད་དོན་གྱི་ཐག་གཅོད་ཇུས་གཞི་འཚོལ་ཞིབ་བྱེད་བཞིན་མེད་པར། ཡོངས་ཁྱབ་དང་ཕན་ཚུན་མཉམ་ལས་བྱེད་པའི་ཐག་གཅོད་ཇུས་གཞི་ཞིག་འཚོལ་ཞིབ་བྱེད་བཞིན་ཡོད་ཟེར།

མའོ་ཁི་ཨར་གྱིས་བཤད་རྒྱུར། གལ་ཏེ་གནས་སྤོར་སྡོད་དམངས་ཀྱི་གནད་དོན་ཐག་གཅོད་མ་བྱས་ན། ཧྲིན་ཀིན་གྲོས་ཆོད་ལས་གཏན་འཁེལ་བྱས་པའི་མི་སྣའི་རང་དབང་འཁོར་རྒྱུག་རྩ་དོན་ལ་གཏོར་བརླག་བྱེད་སྲིད། ཡུལ་གྱར་བའི་སྲིད་ཇུས་ལ་རྒྱལ་ནང་གི་འགུལ་སྐྱོད་མཁོ་བར་མ་ཟད་ཡོ་རོབ་གླིང་མནའ་འབྲེལ་ནང་ཁུལ་གྱི་མཉམ་ལས་ཟབ་མོ་ཡང་མཁོ་གལ་ཆེ་ཟེར།

མའོ་ཁི་ཨར་གྱིས་ད་རུང་བསྟན་དོན། ཡོ་རོབ་གླིང་གི་ཕྱི་ཕྱོགས་མཐའ་མཚམས་ལ་སྲུང་སྐྱོབ་བྱེད་པ་ནི་ཡོ་རོབ་གླིང་མནའ་འབྲེལ་གྱི་བྱ་བའི་གཙོ་གནད་ཡིན་པ་དང་། འཇར་མན་གྱིས་དོན་དེར་བྱས་རྗེས་འཇོག་རྒྱུ་ཡིན་ཟེར།

ཁོ་མོས་ད་རུང་ཨ་ཧྥེ་རི་ཁ་གླིང་གི་མཱ་ཞེ་ཨར་འཆར་གཞི་སྤེལ་ཏེ་ས་དེའི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་དགོས་པའི་འབོད་སྐུལ་བཏང་བ་དང་། འཇར་མན་གྱིས་ཡོ་རོབ་གླིང་མནའ་འབྲེལ་གྱིས་བཙུགས་པའི་ཨ་ཧྥེ་རི་ཁ་གླིང་གི་བྲེལ་མྱུར་ཡིད་རྟོན་ཐེབས་རྩ་ལ་ཡོ་སྒོར་དུང་ཕྱུར་ལྔ་འདོན་སྤྲོད་བྱེད་རྒྱུ་ཐག་བཅད་ཡོད་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།