ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་ལིང་གི་ཙུང་ཐུང་གིས་ཁེ་ཕན་ལ་འགན་སྲུང་ཐོབ་ན་མུ་མཐུད་དུ་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་ལག་བརྩི་སྲུང་བྱེད་རྒྱུའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-07-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱི་ལིང་གི་ཙུང་ཐུང་ལུའུ་ཧཱ་ནེ་ཡིས་ཚེས་བཞིའི་ཉིན་ཝེ་ཡེ་ནཱ་ནས་བཤད་རྒྱུར། གལ་ཏེ་དབྱི་ལིང་གི་ཁེ་ཕན་ལ་འགན་སྲུང་གང་ལེགས་ཐོབ་ན། དབྱི་ལིང་གིས་ཨ་མེ་རི་ཁ་ཕྱིར་བུད་པའི་གནས་ཚུལ་འོག མུ་མཐུད་དུ་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་བརྩི་སྲུང་བྱེད་རྒྱུ་ཡིན་ཟེར།

ལུའུ་ཧཱ་ནེ་ཡིས་ཨོ་སི་ཁྲུ་རི་ཡཱའི་ཙུང་ཐུང་བཞུགས་ཤག་ནས་ཨོ་སི་ཁྲུ་རི་ཡཱའི་ཙུང་ཐུང་ཧྥན་ཏི་པེ་ལོན་དང་གྲོས་མོལ་བྱས་རྗེས་གསར་འགྱུར་ལས་རིགས་ལ་བཤད་རྒྱུར། དབྱི་ལིང་གིས་མུ་མཐུད་དུ་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་བརྩི་སྲུང་བྱེད་ཀྱང་སྲིད། དེའི་སྔོན་འགྲོའི་ཆ་རྐྱེན་ནི་དབྱི་ལིང་ལ་དེའི་ཁྲོད་ནས་ཁེ་ཕན་ཐོབ་དགོས་ཟེར། ཁོས་བཤད་རྒྱུར། ཨུ་རུ་སི་དང་འཇར་མན། དབྱིན་ཇི། ཧྥ་རན་སི། ཀྲུང་གོ་བཅས་གྲོས་མཐུན་འགོད་མཁན་དག་གིས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་ལ་སྲུང་སྐྱོབ་བྱེད་པའི་ཆབ་སྲིད་ཀྱི་རེ་འདུན་དྲག་པོ་མངོན་པར་བྱས་ཡོད་ཟེར།

ལུའུ་ཧཱ་ནེ་ཡིས་བཤད་རྒྱུར། ཨ་མེ་རི་ཁ་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་ལས་ཕྱིར་འབུད་པ་དེ་རྒྱལ་སྤྱིའི་སྒྲིག་སྲོལ་དང་འགལ་ཡོད་པར་མ་ཟད། རང་ཉིད་ལ་གནོད་སྐྱེལ་ཡོད་པ་སྨྲས་མ་དགོས་ཟེར།

ཧྥན་ཏི་པེ་ལོན་གྱིས་བཤད་རྒྱུར། དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་ནི་ཕྱི་འབྲེལ་གྱི་གྲུབ་འབྲས་གལ་ཆེན་ཞིག་ཡིན་པ་དང་། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ནས་གཅིག་གྱུར་གྲོས་འཆམ་བྱུང་བ་རེད་ཟེར། ཁོས་ཨ་མེ་རི་ཁ་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་ལས་ཕྱིར་བུད་དེ་དབྱི་ལིང་གི་བཀག་སྡོམ་བྱེད་ཐབས་ལག་བསྟར་བྱས་པར་སྐྱོན་བརྗོད་བྱས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།