ཀྲུང་གོ་བོད་ཀྱི་དྲ་བ།

ཧན་གོ་དང་ཁྲའོ་ཞན་གྱིས་ནགས་རིའི་མཉམ་ལས་ཚན་ཆུང་གི་གྲོས་མོལ་སྤེལ་ཏེ་མཉམ་དུ་ནགས་རིའི་སྲུང་སྐྱོབ་ལས་དོན་ལ་ཡར་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-07-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཧན་གོ་དང་ཁྲའོ་ཞན་གྱིས་ཚེས་བཞིའི་ཉིན་པན་མིན་མགྲོན་ཁང་གི་ཧན་གོའི་ཕྱོགས་ཀྱི་ཞི་བདེའི་གཞིས་ཁྱིམ་ནས་ནགས་རིའི་མཉམ་ལས་ཚན་ཆུང་གི་གྲོས་མོལ་སྤེལ་ཏེ་ཧན་གོ་དང་ཁྲའོ་ཞན་གྱི་ནགས་རིའི་སྲུང་སྐྱོབ་དང་གནོད་འབུ་འགོག་བཅོས་ཐད་ཀྱི་མཉམ་ལས་ལ་ཡར་སྐུལ་བཏང་།

ཧན་གོའི་གཅིག་གྱུར་པུའུ་ཡིས་སྤེལ་བའི་གནས་ཚུལ་ལྟར་ན། ཉིན་དེའི་གྲོས་མོལ་གྱི་གྲོས་གཞི་ནི་ཁྲའོ་ཞན་ནགས་རིའི་ད་ལྟའི་གནས་ཚུལ་ལ་དམིགས་པའི་ཧན་གོ་དང་ཁྲའོ་ཞན་གྱི་ཐུན་མོང་རྟོག་ཞིབ་དང་། ནགས་ལས་ལག་རྩལ་གྱི་རྒྱུད་སྤེལ། ལྗང་མྱུག་གསོ་ཁང་གི་འཛུགས་སྐྲུན་སོགས་དམིགས་ཏེ་སྤེལ་བ་རེད། ཧན་གོ་དང་ཁྲའོ་ཞན་ཕྱོགས་གཉིས་ཀྱི་སོ་སོར་འཐུས་མི་གསུམ་རེ་གྲོས་ཚོགས་ལ་ཞུགས་པ་དང་། ཧན་གོའི་དབུ་བཞུགས་འཐུས་མི་ནི་ནགས་རིའི་ལས་དོན་ཁང་གི་དཔོན་པོ་གཞོན་པ་ལིག་ཀོང་ཧྲིག་ཡིན་པ་དང་། ཁྲའོ་ཞན་ཕྱོགས་ཀྱི་འཐུས་ཚབ་ཚོགས་པའི་ཚོགས་གཙོ་ནི་རྒྱལ་ཁབ་མངའ་ཁོངས་ཁོར་ཡུག་སྲུང་སྐྱོབ་པུའུ་ཡི་ནགས་རིའི་ལས་དོན་སྤྱི་ཁྱབ་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་ཅིན་ཁྲིན་ཅོན་རེད་ཟེར།

ལིག་ཀོང་ཧྲིག་གིས་ཉིན་དེར་པན་མིན་མགྲོན་ཁང་གི་ཚོགས་རར་མ་སོང་གོང་གསར་འགྱུར་ལས་རིགས་ལ་བསྟན་དོན། ཧན་གོ་དང་ཁྲའོ་ཞན་ཕྱོགས་གཉིས་ཀྱིས་ནགས་རིའི་མཉམ་ལས་ཁྱབ་ཁོངས་ཀྱི་གཞི་རྩའི་ལངས་ཕྱོགས་མཉམ་སྤྱོད་བྱེད་རྒྱུ་ཡིན་པ་དང་། གང་ནུས་ཅི་ལྕོགས་ཀྱིས་མཉམ་ལས་ཇུས་གཞིར་ཡར་སྐུལ་གཏོང་རྒྱུ་ཡིན་ཟེར།

གྲོས་མོལ་དེ་ནི་སྔ་དྲོའི་དུས་ཚོད་བཅུའི་སྟེང་མགོ་བརྩམས་པ་དང་ཉིན་དེའི་དགོང་མོར་མཇུག་སྒྲིལ་བ་རེད། གྲོས་མོལ་མཇུག་སྒྲིལ་རྗེས་ཕྱོགས་གཉིས་ཀྱིས་མཉམ་འབྲེལ་སྤྱི་སྒྲོག་སྤེལ། སྤྱི་སྒྲོག་གི་ནང་དོན་ལྟར་ན། ཧན་གོ་དང་ཁྲའོ་ཞན་ཕྱོགས་གཉིས་ཀྱིས་ཕན་ཚུན་གྲོས་མོལ་ལ་བརྟེན་ནས་དུས་རིམ་ལྟར་ལྗང་མྱུག་གསོ་སྤེལ་གྱི་དེང་རབས་ཅན་དང་ནགས་རིའི་མེ་སྐྱོན་འགོག་སྲུང་། བྱེ་འགོག་སོགས་ཐད་ཀྱི་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུ་ཐག་བཅད་ཡོད།

ཕྱོགས་གཉིས་ཀྱིས་ད་རུང་མཉམ་དུ་ཧན་གོ་དང་ཁྲའོ་ཞན་གྱི་མཐའ་མཚམས་ས་ཁུལ་དང་ས་ཁུལ་གཞན་པའི་ནགས་རིའི་ནད་འབུའི་འགོག་བཅོས་བྱ་བར་ཡར་སྐུལ་གཏོང་རྒྱུ་དང་། ཟླ་བདུན་པའི་དཀྱིལ་དུ་འགོག་སྲུང་བྱ་བ་སྤེལ་སའི་ས་ཁུལ་དུ་ཡུལ་དངོས་ནས་རྟོག་ཞིབ་བྱེད་རྒྱུ་ཐག་བཅད། ཧན་གོའི་ཕྱོགས་ཀྱིས་ནད་འབུའི་གནོད་པ་འགོག་བཅོས་བྱེད་པའི་དགོས་ངེས་ཀྱི་ཐབས་ཇུས་གཏན་འབེབས་བྱེད་པའི་འགན་ཁུར་རྒྱུ་རེད།

ཕྱོགས་གཉིས་ཀྱིས་ད་རུང་ནགས་རིའི་འཛུགས་སྐྲུན་དང་སྲུང་སྐྱོབ་ཐད་ནས་བླངས་པའི་ཚན་རིག་གི་གྲུབ་འབྲས་བརྗེ་རེས་བྱས་ཏེ། ནགས་རིའི་ཚན་རིག་ལག་རྩལ་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུའི་གྲོས་ཐག་བཅད། ནགས་རིའི་མཉམ་ལས་ཁྲོད་བྱུང་བའི་གནད་དོན་ལ་དམིགས་ཏེ་ཕྱོགས་གཉིས་ཀྱིས་ཡིག་ཆ་བརྗེ་སྤོར་གྱི་ཐབས་ལ་བརྟེན་ནས་གྲོས་མོལ་ཐག་གཅོད་བྱེད་དགོས་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།